རྒྱ་ནག་གི་འགྲོ་འོང་ཁྲིམས་ཡིག་གསར་པ་འདིའི་འོག་ནས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ཕ་ཡུལ་ལ་གཉེན་འཕྲད་དུ་འགྲོ་སྐབས་འཛིན་བཟུང་བཀག་འགོག་བྱེད་ཉེན་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༡ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། རྒྱ་ནག་གི་འགྲོ་འོང་དོ་དམ་བྱེད་སྟངས་དང་འབྲེལ་བའི་དོན་ཚན་བཅུ་དགུ་ཅན་གྱི་ཁྲིམས་ཡིག་ཅིག་གཏན་འབེབས་བྱས་ཡོད་པ་དང་། རྒྱ་ནག་གི་སྲིད་བློན་ལི་ཆང་གིས་ས་རྟགས་བཀོད་དེ། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཁྲིམས་ཡིག་དེའི་ཁྲོད་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོང་མཁན་གྱི་ཡུལ་སྐོར་བ་དང་། ལས་ཀ་བ། སློབ་མ་རྣམས་ཀྱི་འགྲོ་སྐྱོད་ལ་དོགས་ཟོན་ནན་མོ། དེ་བཞིན་རྒྱལ་ནང་ནས་རྒྱལ་ཁབ་གཞན་དུ་སྐྱོད་མཁན་རྣམས་ལའང་ལྟ་ཞིབ་སོགས་བྱ་རྒྱུ་ཡིན་འདུག་ལ། རྒྱལ་སྤྱིའི་གནས་ཚུལ་དབྱེ་ཞིབ་པ་ཁག་ཅིག་གིས། ཕྱི་རྒྱལ་བ་རྣམས་རྒྱ་ནག་ཏུ་བསྐྱོད་པར་བཀག་སྡོམ་ཇེ་ཆེར་དང་། རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་གཙོས་རྒྱ་རིགས་རྣམས་ལའང་དོ་དམ་ཤུགས་ཆེན་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག
གནད་དོན་དེ་དང་འབྲེལ་ནས་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་སྲིད་པ་དྲ་བར་དཔྱད་བརྗོད་ཀྱི་བརྙན་ཞིག་སྤེལ་བའི་ནང་། རྒྱ་ནག་གི་ཁྲིམས་ཡིག་འདི་ལས་དོན་ཚན་གཉིས་བོད་པ་དང་འབྲེལ་བ་ཆེན་པོ་ཆགས་འདུག སྤྱིར་བཏང་བོད་མི་རྣམས་ལ་ཕྱིར་སྐྱོད་ལག་ཁྱེར་རག་དཔེ་ཁག་པོ་ཡིན་པ་དེ་ཚང་མས་མཁྱེན་མཁྱེན་པ་རེད། ད་རེས་ཁྲིམས་དེ་ལག་བསྟར་བྱས་རྗེས། ཁྱེད་རང་ལ་( བོད་པ་ཞིག་ལ)ཕྱིར་སྐྱོད་ལག་ཁྱེར་རག་ནས་ཕྱི་རྒྱལ་དུ་བསྐྱོད་པའི་ཐོངས་མཆན་རག་ཀྱང་། རྒྱ་ནག་གཞུང་གིས་བཀག་འགོག་བྱ་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་ཁྲིམས་ཡིག་འདིའི་ནང་གི་འབྲུ་དོན་རྣམས་ལ་གསལ་ཆ་དང་གཏན་འབེབས་ཁ་གསལ་མེད་པ་མ་ཟད། མཐའ་གང་ཡང་མེད་པར་འགྲེལ་བཤད་ག་རེ་རྒྱག་ཆོག་ཆོག་དང་གནད་དོན་གཞན་ལ་ཁ་གཡར་ཆོག་ཆོག་ཡིན་ཙང་། རྒྱལ་སྤྱིའི་ཁྲིམས་ཀྱི་ཆེད་མཁས་པ་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་འདུག ད་ལན་གྱི་ཁྲིམས་ཡིག་འདིའི་ཐོག་ནས་བོད་མི་རྣམས་ཕྱི་རྒྱལ་དུ་འགྲོ་རྒྱུ་སྔར་ལྷག་དཀའ་ལས་ཁག་ཏུ་འགྲོ་རྒྱུ་གསལ་པོ་རེད། ཅེས་བརྗོད་འདུག
ཡང་ཁོང་གིས། ཕྱི་རྒྱལ་ལ་ཡོད་མཁན་གྱི་བོད་མི་རྣམས་ཀྱང་བོད་དུ་འགྲོ་བར་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསལ་པོ་རེད། རྒྱུ་མཚན་གང་ཡིན་ཟེར་ན། ཕྱི་རྒྱལ་གྱི་མི་རྣམས་རྒྱ་ནག་ལ་འགྲོ་ན་གཏན་འབེབས་ཀྱི་ཁྲིམས་སྒྲིག་མང་པོ་ཞིག་ཡོད་ཀྱང་། དེ་དག་གི་འབྲུ་དོན་ལ་གསལ་ཁ་མེད་པ་དང་འགྲེལ་བཤད་ག་རེ་རྒྱག་ཆོག་ཆོག་ཅིག་ཡོད། དཔེར་ན། དེའི་ནང་མི་སྒེར་གྱི་གནད་དོན་དང་ཐ་ན་སྤྱི་ཚོགས་དྲ་ལམ་ཁག་ཏུའང་ཞིབ་འཇུག་བྱ་རྒྱུ་སོགས་ཚུད་པའི་རྒྱ་ནག་དང་མི་མཐུན་པའི་གནས་ཚུལ་རིགས་ཡོད་ན་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསལ་པོ་རེད། དེ་བཞིན་ད་ལྟ་རྒྱལ་སྤྱིའི་ཁྲིམས་ལུགས་ཆེད་མཁས་པ་རྣམས་ཀྱིས། རྗེས་མ་ཕྱི་རྒྱལ་གྱི་བོད་མི་རྣམས་བོད་ནས་ཕྱིར་མི་གཏོང་བར་རྒྱ་ནག་ཏུ་བཀག་ཉར་བྱ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པའི་ཚོད་དཔག་ཀྱང་བྱེད་མཁན་འདུག ཅེས་བརྗོད་འདུག
རྒྱ་ནག་གིས་གསར་དུ་ལག་བསྟར་བྱ་འཆར་ཡོད་པའི་ཁྲིམས་ཡིག་དེའི་ཁྲོད། རྒྱ་ནག་ཏུ་ཡུལ་སྐོར་དང་། ལས་ཀ དེ་བཞིན་སློབ་སྦྱོང་བྱེད་དུ་ཡོང་མཁན་ཚང་མའི་རྒྱ་ནག་ཏུ་ཡོང་དོན་དང་། མི་སྒེར་གྱི་གནད་ཡོད་མང་དག་ཅིག་ཡར་སྤྲད་པ་དག་ལ་ཞིབ་ཚགས་ཀྱིས་ཞིབ་བཤེར་བྱ་རྒྱུ་དང་། རྒྱ་ནག་ཏུ་མགྲོན་འབོད་དང་སྦྱིན་བདག་བྱེད་མཁན་རྣམས་ཀྱིས་ཀྱང་མི་དེའི་བྱ་སྤྱོད་ཚུད་པའི་ཕྱོགས་ཡོངས་ནས་འགན་ལེན་གཙང་ཁུར་དགོས་ཤིང་། གལ་ཏེ་རྒྱ་ནག་གི་གཏན་འབེབས་ཁྲིམས་ཡིག་དང་འགལ་ན། ཁྲིམས་ཐོག་ནས་ཉེས་ཆད་དང་མ་འོངས་པར་འགྲོ་འོང་གི་ཐད་ལ་བཀག་འགོག་བྱ་རྒྱུ་ཡིན་པ་མ་ཟད། ཐོངས་མཆན་ཞུ་སྐབས་གནས་ཚུལ་རྫུན་བཟོ་དང་སྒེར་གྱི་གནས་ཚུལ་སྦས་སྐོང་སོགས་བྱས་ཡོད་ཚེ། ཁྲིམས་ཐོག་ནས་ཉེས་ཆད་གཅད་རྒྱུ་ཡིན་ལུགས་བསྒྲགས་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ནང་ཉི་ཧོང་གི་མི་སེར་ལག་འཁྱེར་ཡོད་པའི་རྒྱ་རིགས་ཤིག་ནང་མི་ལྷན་རྒྱ་ནག་ལ་གཉེན་ཕྲད་དུ་ཕྱིན་ནས་ཕྱིར་ཉི་ཧོང་དུ་ལོག་སྐབས། གནམ་ཐང་ནས་འཛིན་བཟུང་བྱས་ཏེ་ཉིན་གྲངས་བདུན་ལ་འདྲི་བརྩད་དང་བཀག་ཉར་བྱས་རྗེས། ཁོས་ཉི་ཧོང་གི་མི་སེར་ལག་ཁྱེར་དོར་ནས་རྒྱ་ནག་གི་མི་སེར་ལག་ཁྱེར་བསྐྱར་བཟོ་བྱ་དགོས་ལུགས་ཀྱི་གནོན་ཤུགས་སྤྲད་ཡོད་པ་མ་ཟད། མ་འོངས་པར་ཁོང་གི་བུ་ཕྲུག་རྣམས་ལའང་དཀའ་ངལ་འཕྲད་སྲིད་པའི་འཇིགས་སྐུལ་བྱས་ཡོད་པའི་གནས་ཚུལ་ཡང་ཐོན་འདུག གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ཁྲིམས་སྒྲིག་འདིས་རྒྱ་ནག་གི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་དང་འབྲེལ་བའི་བཀག་སྡོམ་ཤུགས་ཆེ་རུ་བཏང་ཡོད་པ་དང་། རྒྱ་ནག་གཞུང་ལ་མི་སེར་རྣམས་ཕྱིར་ཐོན་བྱས་པར་བཀག་སྡོམ་བྱེད་པར་དབང་ཆ་ཆེན་པོ་སྤྲད་ཡོད་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ནི་ས་མཚམས་ཀྱི་འཛིན་སྐྱོང་ཚད་ལྡན་བཟོ་བ་དང་། ས་མཚམས་བརྒལ་ནས་མི་མང་གི་ཐོབ་ཐང་སྲུང་སྐྱོབ། རྒྱལ་ཁབ་ཀྱི་བདེ་འཇགས་ཤུགས་ཆེ་རུ་གཏོང་བའི་ཆེད་དུ་ཡིན་ལུགས་བཤད་འདུག
རྒྱ་ནག་གི་དེ་སྔའི་འགྲོ་འོང་གི་ཁྲིམས་ཡིག་ནི་ཕྱི་ལོ་ ༢༠༡༢ ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གིས། རྒྱ་ནག་གི་མི་སེར་ལ་དམིགས་པའི་ཕྱི་སྐྱོད་ཁྲིམས་ཡིག་དང་། ཕྱི་རྒྱལ་བའི་འགྲོ་འོང་གི་ཁྲིམས་ཡིག་གཉིས་ཟླ་སྒྲིལ་བཏང་ནས་བཟོས་ཏེ་གཏན་འབེབས་བྱས་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱས་ཡོད། དེར་ལེའུ་བརྒྱད་དང་དོན་ཚན་ ༩༣ ཡོད་དང་། ད་ཐེངས་ཀྱི་དོན་ཚན་བཅུ་དགུ་ཅན་གྱི་ཁྲིམས་ཡིག་དེ། ཕྱི་ལོ་ ༢༠༡༢ ལོར་གཏན་འབེབས་བྱས་པའི་ཁྲིམས་ཡིག་ཐོག་ཁ་སྣོན་བྱས་པ་ཞིག་རེད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག appeared first on བོད་ཀྱི་དུས་བབ།.




