སངས་རྒྱས་སྐྱབས་ཀྱིས་བརྩམས། རྟ་མགྲིན་མཚོས་རྒྱ་ཡིག་ནས་བསྒྱུར།
ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༤ རྒྱ་ནག་དམངས་གཙོ་ཞེས་པའི་དྲྭ་ཚིགས་ཐོག་སྤེལ། མ་རྩོམ་གཟིགས་ཚེ་དྲ་ཚིགས་འདིར་ནོན།
བོད་ཀྱི་ཤར་ཕྱོགས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱ་ནག་གཞུང་གིས་བཙན་གནོན་བྱས་ཏེ། སློབ་གླིང་གི་གྲྭ་ཤག་བཙན་བཤིག་དང་སློབ་གཉེར་བ་ཕྱིར་སྐྲོད་བཏང་བའི་གནས་ཚུལ་བྱུང་འདུག འདི་ནི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་བཙན་བཤིག་དང་སློབ་གཉེར་བ་བཙན་སྐྲོད་བྱས་པའི་རྒོལ་རྡུང་ཐེངས་ལྔ་པ་རེད་འདུག རྒྱ་ནག་གཞུང་གིས་ཡང་དང་བསྐྱར་དུ་དགོན་པར་གཏོར་བཅོམ་དང་། གྲྭ་བཙུན་དང་དགེ་བསྙེན་སྟོང་ཕྲག་ལྷག་ཕྱིར་སྐྲོད་བྱས་པའི་ཁྲོད་དུ་རྒྱ་ནག་གི་གྲྭ་བཙུན་དང་དགེ་བསྙེན་ཡང་ཚུད་ཡོད་འདུག
ཉེ་ལམ་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་ ༧ པའི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་ཡང་བསྐྱར་བོད་ཀྱི་ཤར་ཕྱོགས་གསེར་རྟ་བླ་རུང་སློབ་གླིང་གི་གྲྭ་ཤག་ལ་གཏོར་བཅོམ་བྱེད་མགོ་བཙུགས་ཤིང་། གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་གཅིག་ཀྱང་དགོན་པ་ནས་བསྡད་མི་ཆོག་པའི་བཀའ་རྒྱ་བསྒྲགས་པ་དང་། ས་ཁུལ་གཞན་ནས་ཡོང་བའི་གྲྭ་བཙུན་རྣམས་ངེས་པར་དུ་རང་གི་ཕ་ཡུལ་ལམ་དགོན་པར་ལོག་དགོས་པའི་བཙན་ཤེད་ལག་བསྟར་བྱེད་བཞིན་འདུག སྤྱིར་ན་ལོ་མང་སྔོན་ནས་བོད་ཁུལ་གྱི་ས་གནས་གཞན་གྱི་སྲིད་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་སློབ་ཞུགས་མྱོང་མཁན་ཡིན་ན། ས་གནས་ཀྱི་དགོན་པར་ཞུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད། གནས་ཚུལ་འབྱོར་བ་ལྟར་ན་གསེར་རྟ་ས་གནས་རང་གི་གྲྭ་བཙུན་རྣམས་ཀྱང་མུ་མཐུད་དུ་དགོན་པར་བསྡད་མི་ཆོག་པར་སློབ་མཚམས་འཇོག་དགོས་པའི་བཀག་སྡོམ་དང་། ངེས་པར་དུ་རང་རང་གི་ཡུལ་ཚོར་ཕྱིར་ལོག་དགོས་འདུག
བོད་ནང་གི་གསར་འབྱོར་གནས་ཚུལ་ཁུངས་བདེན་ལྟར་ན། རྒྱ་ནག་གཞུང་གིས་གྲྭ་ཤག་ ༢༠༠༠ ལ་ཉེ་བ་གཏོར་བཅོམ་བྱས་ཟིན་པ་མ་ཟད། བཙན་ཤེད་ཀྱིས་ཁང་པ་གཏོར་བཤིག་གི་ལས་འགུལ་མཚན་གཞུང་དུ་ལག་བསྟར་བྱེད་བཞིན་པ་དང་། དེ་བཞིན་སློབ་གླིང་དུ་གནས་པའི་གྲྭ་བཙུན་དང་ཡུལ་མིའི་འགྲོ་འདུག་ལ་བཀག་སྡོམ་ཇེ་དམ་དུ་བཏང་ཡོད། ས་ཁུལ་གཞན་ནས་ཡོང་བའི་མཇལ་བ་རྣམས་དགོན་ནང་དུ་འཛུལ་མི་ཆོག་པའི་བཀག་རྒྱ་དང་། རྒྱ་ནག་གཞུང་གིས་ད་དུང་ཡུལ་དངོས་སུ་བརྙན་ལེན་བྱ་མི་ཆོག་པ་དང། གཏོར་བཤིག་གི་གནས་ཚུལ་ཁྱབ་སྤེལ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སློབ་གླིང་དུ་གཏོར་བཤིག་བྱས་པའི་རྒྱུ་རྐྱེན་སྣ་ཚོགས་ནི། གྲྭ་ཤག་ཤིན་ཏུ་འཚང་ཁ་ཆེ་བ། བཟོ་བཀོད་ཁྲིམས་འགལ་ཡིན་པ། བདེ་འཇགས་ཀྱི་ཉེན་ཁ་ཡོད་པ། གྲྭ་བཙུན་གྱི་གྲངས་འབོར་མང་དྲགས་པ། བཅོས་སྒྲིག་དང་གཙང་བཟོ་སོགས་ཡིན་ཚུལ་བསྙད་ཡོད་ལ། ཐེངས་འདིའི་གཏོར་བཤིག་གི་རྒྱུ་རྐྱེན་ནི་དེ་བས་ཀྱང་གནས་ལུགས་དང་མི་མཐུན་པ་ཞིག་སྟེ། “སྟོང་པར་ཐོན་པའི་ས་ཆ་དེ་དག་སྤྱི་གླིང་དང་མེ་ཏོག་ལྡུམ་ར་བཟོ་ཆེད་དུ་ཡིན་ཟེར་བ་”དང་། དེ་ནི་རྫུན་གཏམ་ཡིན་པ་གསལ་བོ་རེད། སྤྱི་གླིང་དང་མེ་ཏོག་ལྡུམ་ར་བཟོ་བསྐྲུན་ཆེད་དུ་གཏོར་བཤིག་བཏང་བ་ཡིན་ན། སློབ་གཉེར་བ་ཚོར་སྡོད་གནས་ཀྱི་མཐུན་རྐྱེན་གཞན་ཞིག་སྦྱར་ན་མི་འགྲིག་གམ། སྤྱི་གླིང་དང་མེ་ཏོག་ལྡུམ་ར་ནི་གྲྭ་ཤག་དང་བསྡུར་ན་གཙོ་ཆེ་བ་ཡིན་ནམ། དེ་བཞིན་གྲྭ་བཙུན་དང་དགེ་བསྙེན་རྣམས་ཅིའི་ཕྱིར་བཙན་སྐྲོད་གཏང་དགོས་སམ།
དེ་ནི་ཉེས་འདོགས་བྱེད་འདོད་ཀྱང་ཁ་གཡར་ས་མ་རྙེད་པ་ཁོ་ན་རེད།བོད་ཀྱི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ནི་བོད་ཁམས་ཡོངས་དང་འཛམ་གླིང་ཐོག་གི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་དེ་ཡིན། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བོད་ས་འཕྲོག་བཅོམ་བྱས་པ་ནས་བཟུང་། ནམ་ཡིན་ཡང་བོད་ཀྱི་དགོན་པ་དང་། ནང་བསྟན་སློབ་གླིང་གི་གཞི་ཁྱོན། ལྷག་པར་དུ་གྲྭ་བཙུན་དང་དགེ་བསྙེན་གྱི་གྲངས་འབོར་སོགས་ལ་ཚོད་འཛིན་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ཆེས་མཐོང་འདོད་མེད་པ་ནི་དེ་འདྲའི་གཞི་ཁྱོན་ཆེ་བའི་ནང་བསྟན་སློབ་གླིང་ཡིན། དེ་ཡང་སློབ་གླིང་དེས་རྒྱ་ནག་གཞུང་གིས་ཆབ་སྲིད་གནད་དོན་དུ་བརྩི་བའི་བྱ་སྤྱོད་དེ་ངོ་རྒོལ་སོགས་གཏན་ནས་བྱས་མ་མྱོང་མོད། ཡིན་ནའང་། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སློབ་གླིང་དུ་ཡང་ནས་བསྐྱར་དུ་གཏོར་བཤིག་དང་ཕྱིར་སྐྲོད་གཏོང་བཞིན་འདུག
བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་གསུང་དོན་ལྟར་ན། ཐེངས་འདིའི་གཏོར་བཤིག་གི་ལས་འགུལ་དེ་ཟླ་ ༧ པའི་ཚེས་ ༡༣ ཉིན་མགོ་བཙུགས་ཤིང་། གྲྭ་ཤག་ ༢༠༠༠ ལྷག་གཏོར་བཤིག་གཏོང་བའི་འཆར་གཞི་ཡོད་ལ། རྒྱ་ནག་གཞུང་གིས་ཐེངས་འདིར་གྲྭ་ཤག་བཤིག་གཏོར་གྱི་ལས་འགུལ་དེ་ནི་སྤྱི་གླིང་དང་མེ་ཏོག་ལྡུམ་ར་བཟོ་སྐྲུན་བྱེད་ས་བཟོ་ཕྱིར་དུ་ཡིན་པའི་འགྲེལ་བརྗོད་བྱེད་ཀྱིན་འདུག
རྒྱ་ནག་གཞུང་གིས་ཐོག་མའི་འཆར་གཞི་ནི་སྒྱུ་འཕྲུལ་ལྷ་ཁང་ཉེ་འགྲམ་གྱི་ཁང་པ་རྣམས་བཤིག་རྒྱུ་ཡིན་པར་བསྟན་ཡོད། འོན་ཀྱང་། ནང་བསྟན་སློབ་གླིང་གི་འབྲེལ་ཡོད་ཀྱིས་ས་ཁུལ་དེའི་ཁང་པ་བཤིག་ཚེ། ལྷ་ཁང་གི་རྟེན་གཙོ་དང་སྐོར་ལམ་སོགས་གལ་ཆེའི་བཟོ་བཀོད་ལ་ཉེན་ཁ་འབྱུང་སྲིད་པར་བརྗོད་དེ། གནད་དོན་དེའི་ཐད་རྒྱ་ནག་གི་དབང་འཛིན་པ་དང་ཐེངས་མང་པོར་ཞུ་གཏུག་བྱས་ཡོད། མཐར་འབྲེལ་ཡོད་དབང་འཛིན་ལས་ཁུངས་ཀྱིས་བཤིག་གཏོར་གྱི་ས་ཕྱོགས་བསྒྱུར་བ་རེད།
མིག་སྔའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་གྲྭ་ཤག་ ༢༠༠༠ ལྷག་བཤིག་ཟིན་པ་དང། མ་མཐའ་ཡང་གྲྭ་བཙུན་དང་དགེ་བསྙེན་ ༢༠༠༠ ལྷག་ཕྱིར་སྐྲོད་བྱ་ངེས་ཤིང་། བོད་མིའི་དབུས་གཞུང་གིས་བསྟན་དོན་“ད་རེས་ཀྱི་བཙན་ཤེད་གཏོར་བཤིག་གི་ལས་འགུལ་གསར་པ་འདི་ནི། རྒྱ་ནག་གཞུང་གི་འབྲེལ་ཡོད་དབང་འཛིན་གྱིས་ཡུན་རིང་ནས་བོད་ཀྱི་རིག་གནས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱེད་པའི་རྒྱུན་ཞིག་ཡིན་” པར་འགྲེལ་བརྗོད་བྱས་ཡོད།
གསེར་རྟ་ནང་བསྟན་སློབ་གླིང་ངམ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཞེས་པ་ནི་བོད་ཀྱི་གསེར་རྟ་རྫོང་གི་ཁོངས་སུ་གནས་ཤིང་། རྫོང་མཁར་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི་ ༣༧༠༠ ཙམ་དུ་ཡོད། བཤད་གྲྭ་འདི་ནི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་ ༡༩༨༠ ལོར་ཕྱག་བཏབ་པ་དང་། ཕྱི་ལོ་ ༡༩༩༣ ལོར་ཨ་རིའི་《འཛམ་གླིང་ཚགས་པར་》གྱིས་“འཛམ་གླིང་གི་ནང་བསྟན་བཤད་གྲྭ་ཆེ་ཤོས་”ཞེས་བསྔགས་ཡོད། བཤད་གྲྭ་དེའི་ནང་གྲྭ་པ། བཙུན་མ། དགེ་བསྙེན། དེ་བཞིན་ཕྱི་རྒྱལ་ནས་ཡོང་བའི་སློབ་མ་སོགས་ཡོད། སློབ་མ་རྣམས་བོད་ཆོལ་ཁ་གསུམ་དང་། རྒྱ་ནག་གི་ས་གནས་མི་འདྲ་བ་ནས་ཡོང་བ། དེ་མིན་ཡོ་རོབ་དང་ཨ་མི་རི་ཁ། ཐའེ་ཝན། སིང་གྷ་པུར། མ་ལེ་ཤི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་མང་པོ་ནས་ཡོད།
གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་འདི་བཙུགས་པ་ནས་བཟུང་། རྒྱུན་དུ་བོད་ཀྱི་ནང་ཆོས་ལ་བསླབ་པ་སློབ་གཉེར་དང་ཉམས་ལེན་བྱེད་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དེ་བཞིན་སྤྱི་ཚོགས་ཞབས་ཞུ་དང་ཕན་བདེའི་ལས་དོན་ཁག་ལ་ཧུར་ཐག་གིས་འཛུལ་ཞུགས་དང་། དེ་མིན་རྒྱ་ནག་གི་སློབ་མ་སྟོང་ཕྲག་མང་པོ་སློབ་གླིང་འདིའི་མཁྱེན་རྒྱ་ཡངས་བའི་དགེ་རྒན་རྣམས་ལ་བསྟེན་ནས་རྒྱ་སྐད་ནང་ཐད་ཀར་བོད་བརྒྱུད་ནང་བསྟན་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་ལ། ལྷག་པར་དུ་བཤད་གྲྭ་འདི་ཉིད་རྙིང་མའི་རྒྱུད་འཛིན་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་གཞི་བཙུགས་པ་ཡིན་མོད། ཡིན་ནའང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་གྲུབ་མཐའ་དང་ལྟ་གྲུབ་ཀྱི་རྣམ་གཞག་ཕན་ཚུན་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་སྟངས་ལ་མཐའ་གཅིག་ཏུ་བརྩོན་ལེན་བྱེད་ཀྱི་ཡོད་པས། བཤད་གྲྭ་འདི་ལ་སྤྱི་ཚོགས་ཁྱོན་ཡོངས་ནས་དགའ་བསུ་ཐོབ་པ་དང་། ཕྱོགས་མཐའ་ཀུན་ནས་སློབ་མ་འདུ་འཛོམས་བྱེད་པ། དེ་བཞིན་སློབ་གླིང་གི་དོ་དམ་ལམ་ལུགས་ཚགས་ཚུད་དང་གོ་རིམ་ལྡན་པས། བོད་ཀྱི་ནང་ཆོས་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད།
ནང་བསྟན་སློབ་གླིང་འདིའི་སློབ་མ་རྣམས་བོད་ཆོལ་ཁ་གསུམ་ཁོ་ན་ལས་ཡོང་བ་ཞིག་མིན་པར། རྒྱ་ནག་གི་ས་གནས་སོ་སོ་ནས་ཡོང་བའི་གྲྭ་པ་དང་བཙུན་མ། དགེ་བསྙེན་སོགས་ཀྱང་ཡོད། དེ་བཞིན་ནང་བསྟན་སློབ་གླིང་འདི་བོད་དང་། རྒྱ་ནག ལྷག་པར་འཛམ་གླིང་གི་ནང་ཆོས་སྦྱོང་སའི་ཁོར་ཡུག་སྙན་གྲགས་ཆེན་པོར་ཆགས་ཤིང་། ཡུལ་སྐོར་ལྟེ་གནས་ཀྱི་གནས་མཆོག་ཅིག་ཏུ་གྱུར་ཡོད་པ་ནི་རྒྱ་ནག་གཞུང་གིས་མིག་ནང་གི་ཚེར་མ་ལྟ་བུར་བརྩིས་ཏེ། ཕྱི་ལོ་ ༢༠༠༡ ནས་བཟུང་ཐེངས་མང་པོར་བཙན་ཤེད་ཀྱིས་གཏོར་བཤིག་དང་སློབ་གཉེར་བ་ཕྱིར་སྐྲོད་བཏང་ཡོད།
ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༦ པའི་དཀྱིལ་ཙམ་ཞིག་ལ། རྒྱ་ནག་གི་དམག་དཔུང་གིས་ས་མཐོའི་བླ་རུང་སྒར་དུ་དམག་སྦྱོང་སྣ་ཚོགས་ཀྱི་ལས་འགུལ་སྤེལ་ནས་འཇིགས་སྐུལ་བྱས་རྗེས། དམག་དཔུང་གིས་ཆོས་གྲྭའི་རྒྱ་ནག་སློབ་གཉེར་བའི་གྲྭ་ཤག་ཁག་གཏོར་བཤིག་གི་མགོ་བཙུགས་ཡོད་ལ། ཟླ་ ༥ པའི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ དང་སྐ་མ་ ༡༥ ཐོག རྒྱ་ནག་དམག་དཔུང་གིས་ལས་མི་དང་རྟོག་ཞིབ་པ་ཁྲིད་དེ་བཤད་གྲྭར་ཡོང་ནས་བཙུན་མའི་གྲྭ་ཤག་བཤིག་པ་དང། ལས་མིའི་མཐའ་འཁོར་དུ་ལུས་ལ་མཚོན་ཆ་ཐོགས་པའི་དམག་གིས་བསྐོར་ཡོད་ལ། ད་དུང་དམག་མི་མང་པོས་སློབ་གླིང་གི་མཐོ་ས་ནས་ལྟ་ཞིབ་བྱེད་ཀྱི་ཡོད། དམག་དཔུང་གིས་གྲྭ་ཤག་བཤིག་པའི་སྐབས་སུ་སུས་ངོ་རྒོལ་བྱས་ན་དེ་མ་ཐག་མེ་མདའ་རྒྱག་ཆོག་པའི་བཀའ་བཏང་ཡོད། ཟླ་ ༦ པའི་ཚེས་ ༢༧ ནས་ཟླ་ ༧ པའི་ཚེས་ ༡༢ བར་རྒྱ་ནག་གཞུང་གིས་གྲྭ་ཤག་ ༢༢༠༠ ལྷག་བཤིག་པ་དང། བཤད་གྲྭར་གྲྭ་པ་ ༡༠༠༠ དང་བཙུན་མ་ ༤༠༠ ལས་མང་བ་བསྡད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཤིང་། གཞན་ཡོངས་རྫོགས་བཙན་དབང་གིས་ཕྱིར་སྐྲོད་བྱས་འདུག
ཕྱི་ལོ་ ༢༠༠༢ ལོའི་ཟླ་ ༡༢ པར། རྒྱ་གཞུང་དཔོན་པོ་སླར་ཡང་ནང་བསྟན་སློབ་གླིང་དུ་ཡོང་ནས་སྔར་མ་བཤིག་པའི་གྲྭ་ཤག་རྣམས་བཤིག་པའི་དགོས་དམིགས་བཏོན་པ་དང་། ཟླ་ ༡༢ པའི་ཚེས་ ༢༦ ཉིན་རྒྱ་ནག་གིས་གཏོར་བཤིག་གི་ལས་འགུལ་མགོ་བཙུགས་པར་སྐབས་དེའི་སློབ་གཉེར་བས་ངོ་རྒོལ་བྱས་ཤིང་། རྗེས་སུ་ཡང་གསེར་རྟ་རྫོང་གི་ལས་བྱེད་དང་འགལ་འདུ་བྱུང་བ་མ་ཟད་སློབ་མ་བཞི་འཛིན་བཟུང་བྱས། བཤད་གྲྭས་རྒྱ་ནག་གཞུང་གི་རེ་བ་ལྟར་དངུལ་ཆད་སྤྲད་རྗེས་སློབ་མ་བཞི་བོ་ཉེས་མེད་དུ་གློད་གྲོལ་ཐོབ།
ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༤ པའི་མཇུག་དང་ཟླ་ ༥ པའི་མགོར། རྒྱ་ནག་གཞུང་གིས་སླར་ཡང་ནང་བསྟན་སློབ་གླིང་ལ་བཀག་སྡོམ་དང་གྲྭ་ཤག་ཁང་བརྩེགས་ ༢༠ ལྷག་བཙན་གྱིས་བཤིག།
ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༧ པའི་ཚེས་ ༢༠ ཉིན། རྒྱ་ནག་གཞུང་འབྲེལ་གྱིས་བླ་རུང་ནང་བསྟན་སློབ་གླིང་གི་གྲྭ་ཤག་གཏོར་བཤིག་གི་ལས་འགུལ་དངོས་ལག་བསྟར་བྱས། རྒྱ་ནག་གཞུང་གིས་སྤེལ་བའི་ཡིག་ཆའི་འཆར་གཞི་ལྟར་ན་སློབ་གཉེར་བ་ ༢༢༠༠ ཕྱིར་སྐྲོད་བྱ་རྒྱུ་ཡིན་ལ། ཐེངས་འདིར་རྒྱ་ནག་གཞུང་གིས་《གསེར་རྟ་རྫོང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཙང་སེལ་དོ་དམ་གྱི་ལས་དོན་》ཞེས་པའི་ལམ་སྟོན་སྒྲིག་གཞི་ལྟར་གཏོར་བཤིག་དང་ཕྱིར་སྐྲོད་བྱས་ཤིང་། དེ་ནི་“རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་ལྟར་གསེར་རྟ་ནང་བསྟན་སློབ་གླིང་གི་ལས་དོན་ལག་བསྟར་” ཞེས་པའི་དགོངས་དོན་བཞིན་ལག་བསྟར་བྱས་པ་ཡིན་ཟེར། དེ་བཞིན་གོམ་སྟབས་བདུན་གྱི་སྒོ་ནས་གསེར་རྟ་ནང་བསྟན་སློབ་གླིང་གཙང་སེལ་ལས་དོན་ཆ་ཚང་སྒྲུབ་པར་ལེགས་འགྲུབ་བྱ་རྒྱུ་ཁྱབ་བསྒྲགས་བྱས། དེའི་ཁྲོད་དུ་སློབ་གསོ་དྲིལ་བསྒྲགས་དང་། ནང་བསྟན་སློབ་གླིང་གི་སློབ་མར་ཐོ་འགོད་བྱེད་པ། གྲྭ་ཤག་ལ་སྒོ་རྟགས་ཨང་གྲངས་འགོད་པ། སློབ་གཉེར་བ་ཕྱིར་སྐྲོད་བྱེད་པ། གྲྭ་ཤག་བཤིག་པ། ནང་བསྟན་སློབ་གླིང་ནང་ལྟ་སྲུང་བརྙན་ཕབ་འཕྲུལ་ཆས་འཇོག་པ། ནང་བསྟན་སློབ་གླིང་དུ་འགྲོ་འོང་ཚོད་འཛིན་བྱེད་པ། གཞུང་གི་སྲིད་དོན་དོ་དམ་ལས་ཁུངས་བཙུགས་པ། གཞུང་གི་ལས་བྱེད་པ་དགོན་པའི་དོ་དམ་གྱི་གྲུབ་ཆའི་ནང་ཞུགས་སུ་བཅུག་པ། དགོན་པའི་ཆོས་ལུགས་བྱ་འགུལ་རྣམས་ལ་དོ་དམ་བྱེད་པ་སོགས་ཀྱང་ཚུད་ཡོད་འདུག
སྐབས་དེར་རྒྱ་ནག་གཞུང་གིས་《གཙང་སེལ་དོ་དམ་》ཞེས་པའི་མིང་འདོགས་ཀྱིས་གཞི་རྒྱ་ཆེན་པོས་གནོན་ཤུགས་དང་། དེ་ལས་མང་བའི་གྲྭ་ཤག་བཤིག་པ་དང་། གྲྭ་བཙུན་སློབ་གཉེར་བ་སྟོང་ཕྲག་མང་པོ་བཙན་གྱིས་ཕྱིར་སྐྲོད་དམ་རང་ཡུལ་དུ་བསྐྱལ་ཞིང་། བཙན་གྱིས་《རྒྱལ་ཞེན་གྱི་སློབ་གསོ་》དང་ལེན་བྱེད་དུ་བཅུག་ཡོད།
ཕྱི་ལོ་ ༢༠༡༩ ལོར། རྒྱ་ནག་གིས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་ཡང་བསྐྱར་གྲྭ་ཤག་གཏོར་བཅོམ་དང་གྲྭ་བཙུན་ཕྱིར་སྐྲོད་བྱས་ཤིང་། ཐེངས་དེའི་ལས་འགུལ་གྱི་ཁྲོད་ནས་མིང་ལ་ཚེ་རིང་སྒྲོལ་མ་ཟེར་བའི་བཙུན་མ་ཞིག་གིས་རང་སྲོག་བཅད་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་གནོན་ཤུགས་སྤྲོད་ཐེངས་རེར་ཁ་གཡར་སའི་རྒྱུ་མཚན་ཁྱད་མཚར་རེ་ཡོད་ལ། དེའི་དམིགས་ཡུལ་གཙོ་བོ་ནི་སློབ་གཉེར་བའི་གྲངས་འབོར་ལ་ཚད་བཀག་བྱེད་པ་དང་། དགོན་པའི་གཞི་ཁྱོན་ཆུང་དུ་གཏོང་བ། ནང་པའི་རྗེས་འཇུག་རྣམས་ལ་རྡུང་རྡེག་གཏོང་རྒྱུ་དེ་ཡིན། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་བོད་ཀྱི་དགོན་པ་ནི་གནའ་ནས་ད་བར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལྟེ་བ་ཡིན་པས། དེས་རྒྱུད་འཛིན་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་མཚན་ཉིད་རིག་པའི་ལྟ་གྲུབ་ཁོ་ན་མ་ཡིན་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་ཡིན། དེ་བས་རྒྱ་ནག་གཞུང་གིས་བོད་མི་རྣམས་རྒྱ་ནག་ཏུ་འདྲེས་འགྱུར་གྱི་སྲིད་ཇུས་མངོན་གསལ་དུ་སྐུལ་འདེད་བྱེད་བཞིན་པ་དང་། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་གྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་ཞེས་པའི་རླབས་རྒྱུན་ཁྲོད་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ཛ་དྲག་འཇིགས་སྐུལ་ཁྲོད་དུ་གནས་ཡོད།
ལྷག་པར་དུ་རྒྱ་ནག་གི་ནང་པའི་རྗེས་འཇུག་པ་ཚོས་བོད་བརྒྱུད་ནང་བསྟན་སྦྱོང་བ་ལ་གནོན་ཤུགས་སྤྲད་པ་དེ་བས་ཀྱང་མངོན་གསལ་དུ་གྱུར། ལོ་ངོ་ཉི་ཤུ་སུམ་ཅུའི་སྔ་རོལ་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་པ་མང་པོ་རྒྱ་ནག་ཏུ་གདན་འདྲེན་བྱས་ཏེ་ཆོས་ཁྲིད་དང་ཆོས་བཤད་པའང་ཉུང་ཉུང་ཞིག་གཏན་ནས་མིན། རྒྱ་ནག་གཞུང་གིས་དོ་ཁུར་དང་དམ་དྲག་བྱས་རྗེས་རྒྱ་ནག་ནང་གི་དགོན་སྡེ་དང་ནང་བསྟན་རྩ་འཛུགས་ཁག་གིས་བོད་ཀྱི་ནང་བསྟན་ཆོས་པ་རྣམས་རྒྱ་ནག་ཏུ་ཆོས་བཤད་པ་དང་ཆོས་ཁྲིད་གནང་བར་གདན་ཞུ་བྱེད་པ་བཀག་འགོག་བྱས། ཐ་ན་རྒྱ་ནག་ཏུ་ནང་བསྟན་ཆོས་ར་དང་ཆོས་སྒར་ཁག་ཏུ་བོད་བརྒྱུད་ནང་བསྟན་གྱི་མཚོན་རྟགས་ཏེ། དཔེར་ན་སྟོན་པའི་སྐུ་བརྙན་དང་། ཆོས་དར། འཁོར་ལོ་སོགས་མངོན་པར་བཀག་སྡོམ་བྱས་པའི་མ་ཚད། རྒྱ་ནག་ནང་གི་ནང་བསྟན་ཆོས་སྒར་དང་དགོན་སྡེ་ཁག་ནས་བོད་ཀྱི་ནང་བསྟན་དང་རིག་གནས་མཚོན་རྟགས་ཀྱི་གནས་ཚུལ་དང་པར་རིས་མེད་པར་བཟོས་པའང་ཤིན་ཏུ་མང་། དེ་བཞིན་རྒྱ་ནག་གི་ས་གནས་མང་པོ་ཞིག་ཏུ་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་པ་རྣམས་གདན་ཞུ་བྱས་ནས་ཆོས་བཤད་དང་ཆོས་ཁྲིད་མི་ཆོག་པའི་དམ་དྲག་བཀའ་རྒྱ་བསྒྲགས།
རྒྱ་ནག་གི་བོད་བརྒྱུད་ནང་བསྟན་རྗེས་འཇུག་པར་རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཕལ་ཆེར་དཀོན་པོ་ཡིན་པ་དང་། གཞན་ཡང་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་འདོད་མཁན་གྱི་རྒྱ་མིས་རྒྱ་ནག་ཏུ་འཐུས་སྒོ་ཚང་བའི་བོད་བརྒྱུད་ནང་བསྟན་ཀྱི་སློབ་གསོའི་སྒྲོམ་གཞི་ལ་རྒྱུས་མངའ་བྱེད་ཐབས་བྲལ་བས། དེ་བས་ཁོ་ཚོ་ཧ་ཅང་མང་པོ་ཞིག་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཡོང་ནས་བོད་བརྒྱུད་ནང་བསྟན་ལ་སྦྱོང་བ་བྱེད་ཀྱི་ཡོད། དེ་ནི་ཏག་ཏག་རྒྱ་ནག་སྲིད་གཞུང་གིས་མཐོང་འདོད་མེད་པ་དེ་ཡིན།
མི་ལ་ལས། “འདི་ནི་ཆེས་ལེགས་པའི་རིག་གནས་སྤེལ་རེས་” དང་“མི་རིགས་མཐུན་སྒྲིལ་” ཡིན། དེ་ལ་ཕན་ཡོན་ཁོ་ན་ལས་གནོད་པ་གཅིག་ཀྱང་མེད་ཟེར། དོན་དངོས་སུ་དེ་ལྟར་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལྟར་ངོས་འཛིན་མི་བྱེད། རྒྱ་ནག་གཞུང་གིས་བཤད་པའི་“རིག་གནས་སྤེལ་རེས་” ནི་མི་རིགས་གཞན་གྱིས་རྒྱའི་རིག་གནས་སློབ་སྦྱོང་བྱེད་པ་ལས་རྒྱ་མི་ཚོས་མི་རིགས་གཞན་གྱི་རིག་གནས་སློབ་སྦྱོང་བྱེད་པ་མིན། དེ་བཞིན་“མི་རིགས་མཐུན་སྒྲིལ་” ཞེས་པ་ནི་མི་རིགས་གཞན་དག་རྒྱ་མིར་འགྱུར་བ་དང་། རྒྱ་ནག་ཅན་དུ་འགྱུར་བ་ཁོ་ན་ནི་“མི་རིགས་མཐུན་སྒྲིལ་” ཡིན་པ་ལས། དོན་དངོས་ཀྱི་མི་རིགས་ཁག་དབར་གྱི་མཛའ་བརྩེ་དང་འཆམ་མཐུན་གྱི་འཚོ་གནས་ལ་གོ་བ་མིན།
འབྲི་མཚམས་འདི་རུ་སླེབས་དུས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དུ་ཡང་ནས་བསྐྱར་དུ་གཏོར་བཤིག་དང་ཕྱིར་སྐྲོད་བྱེད་དགོས་པའི་ལན་ཕྱིར་མངོན་ཡོང་ལ། དེ་བཞིན་ཐེངས་འདིར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་དུ་གནོན་ཤུགས་སྤྲད་པ་འདི་མཐའ་མའང་གཏན་ནས་ཡིན་མི་སྲིད།
༢༠༢༦།༨།༢ བྲིས།
རྩོམ་སྒྲིག་པའི་མཆན།(དེ་རིང་ཕྱི་ཟླ་ ༨ ཚེས ༣༡ རེད། རྩོམ་ཡིག་འདི་ཟླ་མགོར་སྤེལ་བ་ཞིག་ཡིན་ཡང་། ད་ལྟའི་ཆར་གསེར་རྟ་བླ་རུང་སྒར་གྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཤེས་དཀའ་བ་མ་ཟད། སྔ་ཕྱིར་གཏོར་བཤིག་བཏང་བའི་གནས་ཚུལ་རྒྱས་པ་འཁོད་འདུག་པས་འདིར་སྤེལ་བ་ཡིན།)
The post རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ། appeared first on བོད་ཀྱི་དུས་བབ།.





