རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

1 hour ago

རྒྱ་ནག་གི་དགོད་བྲོའི་གཏམ་གླེང་སྒྱུ་རྩལ་བ་གོ་དི་ཀང་གིས་རྒྱ་ནག་གི་གསར་བརྗེའི་བསྟོད་གཞས་ཤིག་ལ་བསྒྱུར་བཅོས་བྱས་སྟབས། དེས་སྤྱི་པའི་བཟང་སྤྱོད་དང་ཀུན་སྤྱོད་ཀྱི་ཚད་གཞི་ལས་འགལ་བའི་ནག་ཉེས་བཟོས་པར་ཁ་གཡར་ནས། ད་ལྟ་འདྲི་ཞིབ་འོག་བཅུག་ཡོད་པའི་ཁར། ཁོའི་དགོད་བྲོ་གཏམ་གླེང་གི་རྒྱལ་ཡོངས་སྐོར་སྐྱོད་ཀྱི་ལས་རིམ་ཡོངས་ཕྱིར་འཐེན་བྱེད་དགོས་བྱུང་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དགོད་བྲོའི་གཏམ་གླེང་སྒྱུ་རྩལ་བ་གོ་དི་ཀང་(郭德纲)གིས། ཕྱི་ལོ་ ༡༩༥༦ ལོར་བརྩམས་པའི་ངའི་བརྩེ་བའི་ཕེ་ཕ་(Pipa)འཁྲབ་པ་ཞེས་པའི་གཞས་ཚིག་ལས། ཝི་ཧྲན་མཚོ་ཁུལ་ཀྱི་ཡོད་ཚད་ཁུ་སིམ་མར་གྱུར་ཡོད། ཅེས་པ་དེ་པེ་ཅིན་གྱི་ཡོད་ཚད་ཁུ་སིམ་མར་གྱུར་ཡོད། ཅེས་པར་བསྒྱུར་བཅོས་བྱས་ཡོད་སྟབས། པེ་ཅིན་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་རྒྱ་ནག་གི་རྒྱལ་རྒྱུད་རིམ་པ་དང་ད་ལྟའི་དམར་ཤོག་ཚོགས་པའི་སྲིད་དབང་གི་ལྟེ་གནས་ཡིན་པར་བརྟེན། པེ་ཅིན་གྱི་གནད་དོན་གླེང་སློང་བྱ་རྒྱུ་ནི་རྒྱ་ནག་ནང་ཚོར་ཤུགས་སྐྱེན་པའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད་ལ། ངའི་བརྩེ་བའི་ཕེ་ཕ་འཁྲབ་པ་ཞེས་པའི་བསྟོད་གཞས་དེ་ནི་རྒྱ་ནག་དམག་དཔུང་གིས་ཉི་ཧོང་ལ་འཐབ་རྒོལ་བྱས་པའི་བློ་སྟོབས་བརྟན་པོ་མཚོན་པ་ཞིག་ཡིན་འདུག

སྒྱུ་རྩལ་བ་གོ་དི་ཀང་གིས་ཕྱི་ཟླ་ ༧ པའི་ཟླ་མཇུག་ཙམ་ལ་ཝོ་ཧན་གྲོང་ཁྱེར་དུ་དམར་པོའི་བསྟོད་གཞས་དེ་དགོད་བྲོའི་རྣམ་པར་བསྒྱུར་སྟབས། ཝོ་ཧན་གྲོང་ཁྱེར་གྱི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ཁང་གིས། སྒྱུ་རྩལ་བ་གོ་དི་ཀང་གིས་ཐོག་མའི་འཆར་འགོད་བྱས་པའི་ཞུ་ཡིག་ནང་བསྒྱུར་བཅོས་བྱས་པའི་ཚིག་འབྲི་བཀོད་མེད་པས། ཁོས་གྲོང་ཁྱེར་གྱི་ཡུལ་སྐོར་ཚོང་ལས་འཛིན་སྐྱོང་གི་སྒྲིག་གཞིར་རྡོག་རོལ་བཏང་ཡོད་པའི་སྐྱོན་འཛུགས་ཡང་བྱས་འདུག་ལ། སྒྱུ་རྩལ་བ་གོ་དི་ཀང་གི་གནད་དོན་དེས་རྒྱ་ནག་ནང་སྒྱུ་རྩལ་བའི་རང་དབང་ལ་དམ་དྲག་བྱེད་བཞིན་པའི་གནས་བབ་མཚོན་པ་མ་ཟད། སྒྱུ་རྩལ་བའི་རང་དབང་གི་བསམ་སྤྱོད་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་ལངས་ཕྱོགས་ཀྱི་ར་བ་ལས་བརྒལ་མི་ཉན་པ་གསལ་བོར་བསྟན་ཡོད།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་སྒྱུ་རྩལ་བ་གོ་དི་ཀང་ལ་ཐག་གཅོད་ཅི་ཞིག་བྱེད་མིན་མི་ཤེས་ནའང་། ཁོའི་རྒྱ་ནག་རྒྱལ་ཡོངས་སྐོར་སྐྱོད་ཀྱི་དགོད་བྲོའི་གཏམ་གླེང་ལས་རིམ་ཡོངས་ཕྱིར་འཐེན་བྱེད་དགོས་བྱུང་འདུག འདི་ལོ་ནི་སྒྱུ་རྩལ་བ་གོ་དི་ཀང་གི་ཆི་ལིན་སྒྱུ་རྩལ་ཚད་ཡོད་བཟོ་གྲྭ་(Qilin) དབུ་བརྙེས་ཏེ་ལོ་ངོ་ ༡༠ འཁོར་བའི་ལོ་ཡིན་སྟབས། ཞི་མི་མང་པོ་ཞིག་གིས་གོ་དི་ཀང་གི་དགོད་བྲོའི་སྒྱུ་རྩལ་ལ་རེ་སྒུག་བྱེད་བཞིན་ཡོད་འདུག་ལ། གོ་དི་ཀང་ནི་རྒྱ་ནག་ནང་མིང་གྲགས་ཆེ་བའི་སྲོལ་རྒྱུན་གྱི་དགོད་བྲོའི་སྒྱུ་རྩལ་རྒྱུན་འཛིན་དར་སྤེལ་གཏོང་མཁན་ཞིག་ཡིན་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་བསམ་བློ་ཟེར་བ་ཆབ་དཔལ་རིག་གསུམ་ཀུན་གྱི་གཞི་རྩར་བཞག་སྟེ། སྒྱུ་རྩལ་བ་དང་གློག་བརྙན་འཁྲབ་སྟོན་པ། དེ་བཞིན། སྤྱི་ཚོགས་དྲ་ལམ་སོགས་སུ་དྲག་གནོན་རྒྱ་ཆེར་བྱས་དང་བྱེད་མུས་ཡིན་པས། རྒྱ་ནག་གི་སྒྱུ་རྩལ་བ་རྣམས་ཀྱི་རང་དབང་གི་ཁོར་ཡུག་ཇེ་དོག་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༢༣ ལོར་རྒྱ་རིགས་དགོད་བྲོའི་གཏམ་གླེང་སྒྱུ་རྩལ་བ་ལི་ཧའོ་ཧྲི་ཡིས། མི་དམངས་བཅིང་གྲོལ་དམག་མི་དང་འབྲེལ་ནས་ཁྱི་གཉིས་ཀྱི་གཏམ་བརྗོད་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཁོ་པར་རྒྱ་སྒོར་ས་ཡ་ ༡༤།༧ ཉེས་ཆད་བཅད་པ་དང་མ་འོངས་པར་སྒྱུ་རྩལ་གཏམ་བརྗོད་སྤེལ་མི་ཆོག་པའི་ཁྲིམས་ཐག་བཅད་འདུག དེ་བཞིན། ཕྱི་ལོ་ ༢༠༢༢ ལོར་དགོད་བྲོའི་གཏམ་གླེང་སྒྱུ་རྩལ་བ་ལི་པོ་ཡིས་ཧྲང་ཧེ་གྲོང་ཁྱེར་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་ཁྱིམ་སྡོད་བཀག་རྒྱ་ལ་ཟུར་ཟ་བྱས་སྟབས་རྒྱ་སྒོར་ཁྲི་ལྔ་ཡི་ཉེས་ཆད་བཅད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག appeared first on བོད་ཀྱི་དུས་བབ།.

Original Article