རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

2 hours ago

རྐང་སྤོལ་བ་གྲགས་ཅན་ཀི་ལི་ཡན་མེམ་བྷ་པེ་ཡིས་རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་ལ་སྒེར་གཅོད་པ་ཞེས་བཤད་ནས་གད་མོ་བགད་རྐྱེན་རྒྱ་ནག་གཞུང་དམངས་གཉིས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱས།

ཉེ་ལམ་ཧྥ་རན་སིའི་བཅར་འདྲིའི་ལེ་ཚན་ཞིག་ཏུ་ཀི་ལི་ཡན་མེམ་བྷ་པེ་(Kylian Mbappé) ཡིས། ང་དང་གྲོགས་པོ་ཚོས་དྲ་ཐོག་ནས་རོལ་རྩེད་སྐབས་ང་དང་རྒྱ་ནག་གི་དབང་ཆ་སྒེར་གཅོད་བྱེད་མཁན་གྱི་མགོ་ཁྲིད་ཀྱི་པར་དེ་བེད་སྤྱོད་གཏོང་གི་འདུག་ཅེས་གད་མོ་ཤུགས་ཆེན་བགད་པའི་དབང་གིས། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཁབ་དང་མི་དམངས་ལ་ཕོག་ཐུག་ཤུགས་ཆེན་བཏང་ཡོད་ལུགས་བཤད་ནས་སྐྱོན་བརྗོད་དང་། རྒྱ་ནག་གི་ཚོང་ལས་ཁང་གྲགས་ཅན་ Dongpeng དང་ Mengniu གཉིས་ཀྱིས་ཁོང་དང་ཁྱབ་བསྒྲགས་གན་རྒྱ་མཚམས་འཇོག་བྱས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་སུ་སི་པེན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་རྐང་སྤོལ་འགྲན་ཚོགས་ལ་ལི་གྷ་ (Laliga ) ཐད་སྲིང་བྱ་རྒྱུ་བཀག་སྡོམ་བྱས་ཡོད་འདུག 

གནད་དོན་དེ་དང་འབྲེལ་ནས་ཁ་སང་ཕྱི་ཚེས་ ༢༧ ཉིན་ཧྥ་རན་སི་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་གི་རུ་དཔོན་ཀི་ལི་ཡན་མེམ་བྷ་པེ་ཡིས་དགོངས་སེལ་ཡིག་ཆ་ཞིག་སྤེལ་བའི་ནང་། ཉེ་ཆར་གྱི་བཅར་འདྲི་ཞིག་གི་སྐབས་སུ། ངས་རང་ཉིད་ཀྱི་པར་ཞིག་མཐོང་སྐབས་བསམ་ཚུལ་ཞིག་བཤད་པ་ཡིན། ངས་བཤད་པའི་ཚིག་དེ་འོས་འཚམ་མ་བྱུང་བ་དང་། ད་ལྟ་ངས་རྒྱ་ནག་གི་མི་མང་པོ་དང་། འཛམ་གླིང་གི་ས་གནས་གང་སར་ཡོད་པའི་རྒྱ་རིགས་རྣམས་ལ་ཕོག་ཐུག་བཟོས་པ་ཤེས་རྟོགས་བྱུང་ཡོད། ངའི་སྐད་ཆ་དེས་སེམས་ལ་ཕོག་ཐུག་བཟོས་པའི་མི་ཚང་མར་དགོངས་སེལ་ཞུ་བཞིན་ཡོད། དེ་ནི་ངའི་རྩ་བའི་དམིགས་ཡུལ་གཏན་ནས་མིན། ངས་རྒྱ་ནག་མི་དམངས་དང་ཁོང་ཚོའི་ལོ་རྒྱུས་ལ་གུས་བརྩི་ཟབ་མོ་ཞུ་ཡི་ཡོད། ངས་སྙིང་ཐག་པ་ནས་དགོངས་སེལ་ཞུ། ཞེས་བཤད་འདུག 

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ལྟ་བུར་གྱུར་བའི་ཀྲུང་དབྱང་བརྙན་འཕྲིན་ཁང་གིས། ཀི་ལི་ཡན་མེམ་བྷ་པེ་དང་འབྲེལ་བ་ཡོད་པའི་བྱ་འགུལ་ཡོད་ཚད་རྒྱ་ནག་རྒྱལ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་ཡིན། ཞེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་རྗེས། རྒྱ་ནག་རྒྱལ་ཡོངས་ཀྱི་བཟོ་ཚོང་ཁང་མང་པོས་ཁོ་དང་འབྲེལ་བ་བཅད་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུའང་། མི་འདི་འདྲ་ཞིག་ལ་དགའ་ནས་ག་རེ་བྱ་དགོས། དེ་ལས་རྒྱ་ནག་གི་དམག་མི་ལ་དགའ་མོས་བྱོས། ཁོང་ཚོ་ནི་འུ་ཅག་གི་སྐར་ཆེན་ཡིན།  ཅེས་དང་། ང་ནི་ཀི་ལི་ཡན་མེམ་བྷ་པེ་ལ་དགའ་པོ་ཡོད་མོད། དེ་ལས་རང་ཉིད་ཀྱི་རྒྱལ་ཁབ་ལ་དགའ་པོ་ཡོད། ཅེས།  ཀི་ལི་ཡན་མེམ་བྷ་པེ་ཁྱོད་རང་ཁེངས་དྲེགས་ཆེ་བ་ལའང་། ཁྱོ་འཇིག་རྟེན་འདིའི་སྟེང་ཤོང་གི་མེད་པ་རེད་དམ། ཞེས་སོགས་དྲ་ལམ་དུ་ཁོར་སྐྱོན་བརྗོད་དང་ཟུར་ཟ་བྱེད་མཁན་གྱིས་ཁེངས་འདུག 

ད་ལྟ་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཁྲོད་སྐད་གྲགས་འགྲོ་མུས་ཡིན་པའི་ཀི་ལི་ཡན་མེམ་བྷ་པེ་(Kylian Mbappé) ནི་ཧྥ་རན་སིའི་རྐང་སྤོལ་རྩེད་འགྲན་ཁྲོད་ཀྱི་སྐར་ཆེན་ཞིག་དང་། ལྷག་པར་ཁོང་གི་ཁྱད་འཕགས་ཀྱི་མྱུར་ཚད་དང་། སྤོ་ལོ་སྒོར་རར་བླུགས་ཏེ་མཇུག་སྒྲིལ་གྱི་ནུས་པ་དེ་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་གར་སྟེགས་སུ་གོ་གནས་ངེས་ཅན་ཞིག་བཟུང་ཡོད། ཁོར་རྒྱལ་སྤྱིའི་ནང་གི་གཟེངས་རྟགས་མང་པོ་ཐོབ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ དང་ ༢༠༢༢། ༢༠༢༦ བཅས་སུ་ཧྥ་རན་སིའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ཁྲོད། ཁོང་གི་འཇོན་ཐང་དང་། བློ་སྟོབས། རླབས་ཆེན་གྱི་དམིགས་ཡུལ་བཅས་ཀྱིས་དགའ་མོས་བྱེད་མཁན་ས་ཡ་མང་པོར་སྐུལ་མ་ཐེབས།  ཁོང་ནི་རྒྱལ་སྤྱིའི་རྐང་སྤོལ་གར་སྟེགས་སྟེང་ཧྥ་རན་སིའི་རྐང་རྩེད་སྤོ་ལོའི་མཚོན་རྟགས་ཤིག་སྟེ། མྱུར་ཚད་དང་། གཟབ་ནན་བཅས་ཀྱིས་རྩེད་འགྲན་གྱི་བརྒྱུད་རིམ་ལ་ཁ་ལོ་སྒྱུར་བཞིན་ཡོད་ལ། ཁོའི་སྒྱུ་འཕྲུལ་ལྟ་བུའི་རྐང་རྩལ་སོགས་འགྲན་ཡ་ལས་རྣམ་པར་རྒྱལ་འདོད་པའི་བློ་སྟོབས་ཀྱིས་རྩེད་འགྲན་གྱི་ཁོར་ཡུག་ཡངས་པོར་ཟིལ་གྱིས་མནན་ཐུབ། ཁོང་ནི་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཁྲོད་ཀྱི་སྐར་ཆེན་ཏེ། རྨི་ལམ་འཚོལ་བཞིན།  ཟིན་ཐོ་གཏོར་བཞིན། འཛམ་གླིང་གི་རྐང་སྤོལ་རྩེད་འགྲན་གྱི་དབུ་འཕང་དགུང་ལ་འདེགས་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་སྟེང་སྤོ་ལོ་བླུག་མཁན་མང་ཤོས་ཀྱི་རྩེད་འགྲན་པ་ཞིག་ཏུ་གྱུར།

སྤྱིར་རྒྱལ་སྤྱིའི་བཟོ་སྐྲུན་ཁང་དང་སྤྱི་གཉེར་ཁང་། མི་སྒེར་གང་རུང་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ཚིག་བརྗོད་དང་རྣམ་འགྱུར་བསྟན་ཚེ། དེར་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོའི་ཐོག་ནས་ངོ་རྒོལ་བྱས་པ་དང་། རྒྱ་རིགས་མང་ཚོགས་ཀྱིས་དྲ་ལམ་དུ་ཁ་རྡུང་དང་ཟུར་ཟ། སྐབས་རེར་སྤྱི་གཉེར་ཁང་དེའི་ཐོན་རྫས་བཀོལ་སྤྱོད་མི་བྱ་རྒྱུའི་ལས་འགུལ་སྤེལ་བ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གི་ཟུར་ལྔའི་དྲ་དམག་གིས་རྒྱ་ནག་ཕྱི་ནང་གཉིས་སུ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་པ་ནི་རྒྱུན་གཏན་ལྟ་བུ་ཡིན་པ་རེད།  ཕྱི་ལོ་ ༢༠༡༩ ལོར་ཐའེ་ཝན་ནས་བཟོ་སྐྲུན་བྱས་པའི་བརྙན་རྩེད་ཅིག་གི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་འགུལ་བརྙན་ནང་གི་ Winnie the Pooh ཞེས་པའི་དོམ་སེར་དེ་ཡིན་སྐོར་འཁོད་པར་བརྟེན། རྒྱ་ནག་ནང་གི་རྩེད་མོ་བ་རྣམས་ཀྱིས་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་པོ་བྱས་ཏེ་རྒྱ་ནག་རྒྱལ་ཡོངས་སུ་བཀག་སྡོམ་བྱས་ཡོད། གཞན་ཡང་ཕྱི་ལོ་ ༢༠༢༠  ཟླ་ ༤ ནང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་ཀྱིས་རྒྱལ་སྤྱིའི་བརྙན་རྩེད་བཟོ་སྐྲུན་ཁང་ཆེ་གྲས་ནིན་ཊན་ཌོ་ (Nintendo) ཡིས་བཟོ་སྐྲུན་བྱས་པའི་བརྙན་རྩེད་ Animal Crossing ཞེས་པ་དེ་ཉིད་བརྒྱུད་ཧོང་ཀོང་གི་དམངས་གཙོ་དྲིལ་བསྒྲགས་ཀྱི་ཆེད་དུ་བཀོལ་སྤྱོད་བྱས་པར་བརྟེན། བརྙན་རྩེད་དེ་ཉིད་རྒྱ་ནག་གི་ཁྲོམ་རའི་ནང་བཀག་སྡོམ་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས། 

The post རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས།  appeared first on བོད་ཀྱི་དུས་བབ།.

Original Article