རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

1 hour ago

རྒྱ་ནག་གཞུང་གིས་ཐའེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ལིན་ཇཱ་ལུ་ལགས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་གླེང་སྟེགས་ཀྱི་མགོ་ཁྲིད་ཚོགས་འདུ་དང་ཟུར་ཚོགས་ཁག་ལ་ཞུགས་པར་སྐྱོན་བརྗོད་དང་ཉེན་བརྡ་བཏང་།

ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ནས་དེ་རིང་ཕྱི་ཚེས་ ༤ བར་ཉིན་གྲངས་དྲུག་རིང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་གླེང་སྟེགས་(Pacific Islands Forum ) ཐེངས་ ༥༥ པའི་མགོ་འཁྲིད་ཚོགས་འདུ་དེ་པཱ་ལུ་སྤྱི་མཐུན་རྒྱལ་ཁབ་(Republic of Palau ) ཏུ་འཚོག་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཐའེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ལིན་ཇཱ་ལུང་(林佳龍)  ཚོགས་འདུར་ཞུགས་པར་སྐྱོན་བརྗོད་དང་མཇུག་འབྲས་ངན་པ་ཡོང་སྲིད་པའི་ཉེན་བརྡ་བཏང་འདུག་ཀྱང་། ཨོ་གླིང་དང་ནིའུ་ཛི་ལེན་ཌི་གཉིས་ཀྱིས་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་གནད་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐྱོན་བརྗོད་བྱས་འདུག 

གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་གནད་དོན་ཐད་ཀྱི་དམིགས་བསལ་སྐུ་ཚབ་ཆན་པོ་(Qian Bo) ཟེར་བས། པཱ་ལུའི་ནང་གི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་མཐོ་རིམ་ཚོགས་འདུའི་ཐོག་ཐེ་ཝན་གྱི་ཤུགས་རྐྱེན་སླེབས་ན་མཇུག་འབྲས་ངན་པ་ཡོང་ངེས་རེད།  ང་ཚོའི་བསམ་པར་འདི་ནི་ཧ་ཅང་མི་འོས་པ་རེད། ཅེས་སྐྱོན་བརྗོད་བྱས་ཡོད་ཀྱང་། ཐའེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ལིན་ཇཱ་ལུང་ལགས་ཀྱིས། ཐའེ་ཝན་གྱིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་མཉམ་ལས་བྱེད་ཐུབ་པར་དགའ་མགུ་ཡི་རངས་ཞུ་ཡི་ཡོད།  ང་ཚོས་མུ་མཐུད་དུ་ཚང་མའི་རྒྱབ་སྐྱོར་འོག་མཉམ་ལས་བྱས་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དེ་སྔར་ལས་དར་རྒྱས་དང་ཞི་བདེ་ལྡན་པ་ཞིག་ཏུ་བཟོ་རྒྱུ་ཡིན། ཞེས་བརྗོད་འདུག 

ཚོགས་མི་རྒྱལ་ཁབ་བཅོ་བརྒྱད་ལྷག་ཡོད་པའི་ཚོགས་ཆེན་འདིའི་སྟེང་། རྒྱལ་ཁབ་ཁག་གི་མགོ་ཁྲིད་རྣམས་ཀྱི་བར་གནམ་གཤིས་འགྱུར་ལྡོག་དང་། རྒྱལ་སྲུང་། དཔལ་འབྱོར་ཡར་རྒྱས།  རྒྱ་ནག་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་བར་གྱི་འབྲེལ་ལམ། ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱ་ནག་གི་དམག་དོན་སྦྱོང་བརྡར། རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་གནད་དོན་སོགས་ཀྱི་ཐད་ལ་གླེང་སློང་བྱས་ཡོད་ཅིང་། རྒྱ་གར་དཔལ་འབྱོར་དུས་བབ་གསར་ཁང་ལྟར་ན། རྒྱ་ནག་གཞུང་གིས་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོ་ཁུལ་དུ་དབང་ཤུགས་སྐྱེད་ཐབས་ཤུགས་ཆེན་བྱེད་ཀྱིན་ཡོད་སྟབས། ཨོ་གླིང་དང་ནིའུ་ཛི་ལེན་ཌི་གཉིས་ཀྱིས་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་བརྟན་བརླིང་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ལ། ལྷག་པར་ཨོ་གླིང་ནི་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་རྒྱ་ནག་ལ་ཚོང་འབྲེལ་ཆེ་ཤོས་ཡོད་མཁན་གྱི་རྒྱལ་ཁབ་དེ་ཡིན་ཡང་། ཨོ་གླིང་གིས་རྒྱལ་སྲུང་དང་འཛུགས་སྐྲུན་དང་འབྲེལ་ནས་ཨེ་ཤ་ཡའི་གླིང་ཕྲན་རྒྱལ་ཁབ་ཁག་ལ་འབྲེལ་ལམ་བཟུང་ཡོད། དེ་ནི་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཐབས་དང་། རྒྱ་ནག་གི་དམག་ཤུགས་ལ་འགོག་རྒོལ་བྱ་རྒྱུར་དམིགས་པ་ཞིག་ཡིན་འདུག 

 དེ་བཞིན་སང་ཉིན་ཕྱི་ཚེས་ ༥ ནས་ཕྱི་ཟླ་ ༡༡ ཚེས་ ༡༥ བར་ལྷོ་ཀོ་རི་ཡས་གོ་སྒྲིག་བྱེད་བཞིན་པའི་ཀང་ཇུ་བྷན་ན་ལི་(Gwangju Biennale 2026) ཞེས་པའི་རི་མོའི་བརྩམས་ཆོས་འགྲེམས་སྟོན་སྟེང་ཐའེ་ཝན་གྱི་སྒྱུ་རྩལ་བས་མཉམ་ཞུགས་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གི་ཚོགས་ཞུགས་པས་སྐྱོན་བརྗོད་དང་བཅས། འགྲེམས་སྟོན་དེ་ནས་ཕྱིར་འཐེན་བྱས་འདུག་ལ།  འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་མང་པོ་སྤྲོད་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༤ལོར་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་དབང་གིས། ཞི་བདེའི་རྒྱ་མཚོའི་ལྷོ་ནུབ་ཁུལ་དུ་ཆགས་པའི་ནཱ་རུ་(Nauru) མཚོ་གླིང་རྒྱལ་ཁབ་ཀྱིས་ཐའེ་ཝན་དབར་གྱི་མི་ལོ་ ༡༩ ལྷག་གི་ཕྱི་འབྲེལ་བཅད་དེ་རྒྱ་ནག་ལ་འབྲེལ་བ་བཙུགས་ཡོད་ལ། ནཱ་རུ་ནི་ཐའེ་ཝན་ལ་ཕྱི་འབྲེལ་བཟུང་བའི་འཛམ་གླིང་གི་མཚོ་གླིང་དང་རྒྱལ་ཕྲན་ ༡༣ གྱི་ནང་ནས་གཅིག་ཡིན་ལ། ཉེ་ལམ་རྒྱ་ནག་གཞུང་གིས་མངོན་གསལ་དོད་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཐེ་ཇུས་དང་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས།  appeared first on བོད་ཀྱི་དུས་བབ།.

Original Article