རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

3 hours ago

ནེའུ་ཛི་ལན་ཌིའི་བོད་མི་རྣམས་ནས་མི་རིགས་མཐུན་སྒྲིལ་ཟེར་བའི་རྒྱའི་ཁྲིམས་ལ་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་ནག་གིས་འཇིགས་སྐུལ་བྱེད་བཞིན་འདུག

ནེའུ་ཛི་ལན་ཌིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ལག་བསྟར་མགོ་བཙུགས་པ་དང་། ཕྱི་ཚེས་ ༢ ཉིན་རང་བཙན་བློ་དགའ་ལགས་ཀྱིས་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་གནང་བ་དང་འབྲེལ། ད་ལྟའི་ཆར་བོད་མི་འདུས་སྡོད་ཀྱི་འཛམ་གླིང་ཡུལ་གྲུ་གང་སར་བོད་མི་རྣམས་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་ནའང་། རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་རྒྱལ་ཁབ་དེའི་ནང་རྒྱ་རྒོལ་ལས་འགུལ་སྤེལ་བར་རྒྱའི་མི་སེར་གསང་ཉུལ་བ་མངགས་ཏེ་སུན་གཙེར་དང་འཇིགས་སྐུལ་བྱེད་བཞིན་འདུག

འདི་གའི་གསར་འགོད་པས་ནེའུ་ཛི་ལན་ཌིའི་བོད་རིགས་ཚོགས་པར་འབྲེལ་བ་བྱས་ཏེ་གནས་ཚུལ་དེའི་སྐོར་ལ་རྒྱུས་ལོན་བྱེད་ཐབས་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་ལ། གནས་ཚུལ་ནང་། ནེའུ་ཛི་ལན་ཌིར་གནས་སྡོད་བོད་མི་དགའ་ལྡན་ལགས་ཀྱིས། ནེའུ་ཛི་ལན་ཌིའི་བོད་མི་ཚོས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་ལས་འགུལ་སྤེལ་སྐབས། རྒྱ་ནག་གི་གསང་ཉུལ་བས་བོད་མི་ལས་འགུལ་སྤེལ་མཁན་ཚོར་པར་བརྒྱབ་སྟེ་ངོས་འཛིན་བཞིན་ཡོད་ཅིང་། ལྷག་པར་དུ་ནེའུ་ཛི་ལན་ཌིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱིས་ཀྱང་། རྒྱལ་ཁབ་དེར་གནས་པའི་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་ལ་རྒྱ་ནག་དང་དེ་བཞིན་གྱི་སྲིད་གཞུང་ཁག་གིས་འཇིགས་སྐུལ་བྱས་ཏེ། ཁོང་ཚོའི་དམངས་གཙོའི་ཐོབ་ཐང་དང་རང་དབང་ལ་ཚོད་འཛིན་བྱེད་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད།

ཟླ་འདིའི་ ༡༣ ཉིན་ནེའུ་ཛི་ལན་ཌི་གཞུང་གིས། ཕྱི་ལོ་ ༢༠༢༦ ལོའི་རྒྱབ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་བའི་ཁོར་ཡུག་ཅེས་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཏེ། རྒྱ་ནག་གཞུང་ནི་རྒྱལ་ཁབ་དེའི་ནང་གསང་བའི་ལས་དོན་སྒྲུབ་མཁན་ཆེ་ཤོས་དེ་ཡིན་པ་ཐེར་འདོན་བྱས་པ་མ་ཟད། འདི་ལོར་རྒྱ་ནག་གཞུང་གིས་ནེའུ་ཛི་ལན་ཌིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་ཆེ་བའི་གསང་བའི་ལས་དོན་སྤེལ་བ་ཞིག་ཤེས་རྟོགས་བྱུང་སྟེ་བཀག་སྡོམ་བྱས་འདུག་ལ། འདས་པའི་ལོ་འགའི་རིང་ནེའུ་ཛི་ལན་ཌིར་བདེ་འཇགས་ཀྱི་ཐད་ནས་དཀའ་ངལ་ཤུགས་ཆེན་འཕྲད་ཡོད་སྐོར་བརྗོད་འདུག

བོད་མི་དགའ་ལྡན་ལགས་ཀྱིས། ང་ཚོ་ནི་ཞི་བདེ་ལྡན་པའི་མི་རིགས་ཤིག་ཡིན་པས། ང་ཚོས་རྒྱ་ནག་ཚུད་པའི་མི་གཞན་སུ་ལའང་གནོད་འཚེ་གཏོང་འདོད་མེད། ང་ཚོས་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་འདོད་པ་ཁོ་ན་དེ་ཡིན་ཞེས་དང་། བོད་ནང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་མི་ཆོག་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་དང་ཁྱིམ་ཚང་ཁག་ཏུ་ཡོད་པའི་ཆོས་ལུགས་ཀྱི་དར་ཆའང་མར་ཕབ་བཅུག་སྟེ། མེར་བསྲེགས་པ་དང་རྡོག་རྫིས་གཏོང་དགོས་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད། ཅེས་དང་། ད་ལྟ་རྒྱ་ནག་གཞུང་གིས་ནེའུ་ཛི་ལན་ཌིའི་ནང་གི་བོད་མི་ཚོར་ཅི་ཞིག་བྱས་པ་ཡིན་ན་ཞེད་སྣང་ཁྱོན་ནས་མེད་སྐོར་སོགས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་མགོ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཟེར་བ་དེས། རྒྱ་ནག་ནང་གི་མི་རིགས་ཚང་མའི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་རྒྱ་ནག་ཅན་དུ་བསྒྱུར་ཏེ། རྒྱ་མི་རིགས་ཀྱི་ངོས་འཛིན་དང་འདུ་ཤེས་སྐྱེད་པ། རྒྱ་སྐད་ཀྱི་སྤྱོད་སྒོ་དང་སློབ་གསོ་ཁྱབ་གདལ་གཏོང་བ། དེ་བཞིན་རྒྱ་ནག་གཅིག་གྱུར་གྱི་ངོས་འཛིན་གསལ་བོ་བསྐྲུན་གྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་དེ་དང་འབྲེལ་ནས། བོད་དང་ཡུ་གུར་སོགས་ཀྱིས་མི་རིགས་ཀྱི་ཐོབ་ཐང་དང་ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ལས་འགུལ་སྤེལ་ཚེ་རྒྱ་ནག་ཙམ་དུ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་རྗེས་འདེད་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར་བ་དེ་རེད།

The post རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག appeared first on བོད་ཀྱི་དུས་བབ།.

Original Article