རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

3 hours ago

བྷ་ར་ཧུ་མ་ཆེ་ལ་ནཱེས་བརྩམས།

ཆོས་རྒྱལ་སྐྱབས་ཀྱིས་བསྒྱུར།

རྒྱ་ནག་གིས་རྒྱལ་ནང་དུ་ཆ་འཕྲིན་བཀག་སྡོམ་བྱེད་པ་ཙམ་མ་ཟད། དཔལ་འབྱོར་གྱི་བཙན་ཤེད་དང་ཕྱི་འབྲེལ་གྱི་གནོན་ཤུགས་བརྒྱུད་ནས་ཞིབ་བཤེར་གྱི་ལག་པ་རིང་མོ་རྐྱོང་བཞིན་ཡོད། དེ་ནི་རིམ་བཞིན་འཛམ་གླིང་གིས་རྒྱ་ནག་ནང་ཁུལ་དུ་དྲག་གནོན་དང་། མངའ་ཁོངས་ས་ཁུལ་གྱི་ས་ཐིག་བསྐྱར་འཐེན་བྱེད་འདོད་ཀྱི་གནད་དོན། དེ་བཞིན་རྒྱ་གཞུང་རང་ཉིད་དང་འབྲེལ་བའི་ཕྱི་ཡི་ལྟ་སྟངས་ཐད་ཤུགས་རྐྱེན་སྤྲོད་བཞིན་ཡོད།

འཐབ་ཇུས་འདིར་རྟེན་གཞི་གསུམ་ཡོད་དེ།  དང་པོ་ནི་ཁེ་ལས་ཀྱི་མཐུན་སྦྱོར་ཡིན་ལ། པེ་ཅིན་གྱིས་རྒྱལ་ནང་གི་རྒྱ་ཆེ་བའི་ཁྲོམ་ར་བེད་སྤྱོད་བྱས་ཏེ། ཧོ་ལི་ཝུཌ་(Hollywood ) གློག་བརྙན་བཟོ་སྐྲུན་ཁང་དང་། ཨ་རིའི་རྒྱལ་ཡོངས་སྤོ་ལོ་མཐུན་ཚོགས་སོགས་ནུབ་ཕྱོགས་ཀྱི་བཟོ་ཚོང་ཁང་ཁག་གི་ཁེ་ཕན་སྲུང་སྐྱོང་ཆེད། བོད་དང་། ཐའེ་ཝན། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་དང་འབྲེལ་བའི་གནད་དོན་རྣམས་རང་ངོས་ནས་ཞིབ་བཤེར་བྱེད་དུ་འཇུག་གི་ཡོད།

གཉིས་པ་ནི་སྤྱི་ཚོགས་དྲ་ལམ་ཚོད་འཛིན་བྱེད་སྟངས་དེ་རེད། དཔེར་ན། རྒྱ་ནག་གི་བདག་དབང་ཅན་གྱི་སྐད་འཕྲིན་ལྟ་བུས་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་ཐོག་ལའང་རྒྱལ་ནང་གི་ཞིབ་བཤེར་སྲིད་ཇུས་གཅིག་པ་གཅིག་རྐྱང་ལག་བསྟར་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ཐོག་ཊིག་ཊོག་ཀྱི་མ་ལག་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་པའི་ནང་དོན་ཁག་གལ་ཆུང་དུ་གཏོང་བ་དང་། ཡང་ན། གནད་དོན་མང་དག་ཅིག་མི་མངོན་པའི་ཐོག་ནས་ནག་སུབས་གཏོང་བའི་བྱེད་ནུས་ཤིག་ཡོད་པ་ཤེས་རྟོགས་བྱུང་ཡོད།

གསུམ་པ་ནི་རང་དབང་ཅན་གྱི་ཞིབ་འཇུག་ལ་ཚོད་འཛིན་བྱེད་པ་དེ་རེད། པེ་ཅིན་གྱིས་དཔལ་འབྱོར་གྱི་ཁེ་བཟང་བེད་སྤྱོད་བྱས་ཏེ། ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་ཚོར་ཐོངས་མཆན་སྤྲོད་རྒྱུ་མཚམས་འཇོག་བྱེད་པ་དང་། ཕྱི་རྒྱལ་དུ་གནས་པའི་ཁུང་ཙིའི་སློབ་གླིང་གི་རོགས་དངུལ་གཅོད་པ། ཕྱི་རྒྱལ་དུ་ཕྱིན་པའི་རྒྱ་རིགས་སློབ་མ་ཚོ་ལས་ཐོབ་པའི་སློབ་ཡོན་ཡོང་འབབ་ཉུང་དུ་གཏོང་བ་སོགས་ཀྱི་གནོན་ཤུགས་སྤྲོད་ཀྱི་ཡོད། ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭ་དང་། སྲིད་བྱུས་ཉམས་ཞིབ་ཁང་།  ཁེ་མེད་ཚོགས་པ། ཞིབ་འཇུག་དཔྱད་རྩོམ་དཔེ་སྐྲུན་ཁང་སོགས་ཚང་མར་ཐའེ་ཝན་དང་། བོད། ཤུར་ཏུར་ཀི་སི་ཐན། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུངས་བདག་དབང་བཅས་ཚུད་པའི་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་སོགས་གླེང་སློང་བྱེད་པའི་ཐད་ནས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱ་དགོས་ཐུག་ཡོད།

རྒྱ་ནག་གིས་ཕྱི་རྒྱལ་དུ་ཞིབ་འཇུག་རང་དབང་ཐད་གནོན་ཤུགས་སྤྲོད་པའི་ལས་འགུལ་ཁྲོད་ནས། ཕྱི་ཟླ་ ༨ ཚེས་ ༢༣ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུར་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ནི་དཔེ་མཚོན་ཡག་ཤོས་དེ་རེད། པེ་ཅིན་གྱི་གནོན་ཤུགས་ཀྱི་དབང་གིས་བལ་ཡུལ་གཞུང་གིས་ཚོགས་འདུ་མགོ་མ་བཙུགས་གོང་གློ་བུར་དུ་ཕྱིར་འཐེན་བྱས་ཡོད།

རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བལ་ཡུལ་གཞུང་གིས་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་འདུ་ཡོངས་རྫོགས་ཕྱིར་འཐེན་བྱས་ཡོད། ཕྱིར་འཐེན་མ་བྱས་གོང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྡེ་ཚན་ཏེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱ་ནག་གི་སེམས་ཁྲལ་ལ་བསྟུན་ནས་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཡོད།  འོན་ཀྱང་། བསྟུན་མཁས་དེ་འདྲ་དང་། ཚོགས་འདུ་དེ་ཞིབ་འཇུག་ཚོགས་འདུ་ཁོ་ནར་དམིགས་པ་ཞིག་ཡིན་ལུགས་གོ་སྒྲིག་ཚོགས་པའི་ངོས་ནས་འགན་ལེན་ཡང་ཡང་བྱས་ཀྱང་། ཚོགས་འདུ་དེ་བཀག་སྡོམ་བྱ་རྒྱུ་འགོག་ཐུབ་མེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གཙོས་རྒྱ་ནག་གི་གཞུང་འབྲེལ་ཚོགས་སྡེ་ཁག་གི་ཁོངས་གཏོགས་ཞིབ་འཇུག་པ་བརྒྱ་ཙམ་ཚོགས་འདུར་ཞུགས་རྒྱུའི་ཐོ་འགོད་བྱས་ཡོད།

ཕྱིར་འཐེན་བྱས་པའི་དོན་རྐྱེན་འདིས་གནས་སྟངས་ཛ་དྲག་ཅིག་མཚོན་ཡོད། དེ་ནི་པེ་ཅིན་གྱི་ཤུགས་རྐྱེན་གྱིས་མཁས་པའི་བགྲོ་གླེང་ནང་མཉམ་ཞུགས་བྱེད་རྒྱུར་གནོན་ཤུགས་སྤྲོད་པ་ཙམ་མ་ཡིན་པར། བགྲོ་གླེང་དེ་སྤྱི་ཡོངས་ནས་བཀག་སྡོམ་བྱེད་པར་གནོན་ཤུགས་སྤྲད་པ་དེ་རེད།

གནད་དོན་འདིས་ད་ལྟ་རྒྱ་ནག་གིས་དབང་བསྒྱུར་བྱས་པའི་བོད་དང་། རྒྱ་གར་གཉིས་ཀྱི་བར་དུ་ཆགས་པའི་བལ་ཡུལ་ཐོག་གནོན་ཤུགས་ཇེ་ཆེར་སྤྲོད་བཞིན་པ་ཡང་མཚོན་ཡོད། པེ་ཅིན་གྱིས་རྒྱུན་དུ་དཔལ་འབྱོར་གྱི་འགུག་ཤུགས་བེད་སྤྱོད་བྱས་ཏེ། བལ་ཡུལ་གཞུང་གིས་སྐྱབས་བཅོལ་བོད་མིའི་ལས་འགུལ་དང་། ངོ་རྒོལ་བཀག་འགོག། དེ་བཞིན་བཙན་བྱོལ་བོད་མི་ཚོར་དམ་དྲག་ཤུགས་ཆེན་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད།

ལོ་ངོ་གསུམ་ནས་བཞི་རེའི་མཚམས་སུ་བཀོད་སྒྲིག་བྱེད་བཞིན་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ནི་བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག རིག་གཞུང་། ལྟ་གྲུབ། ཆོས་ལུགས་བཅས་ཀྱི་ཐོག་བགྲོ་གླེང་བྱེད་སའི་ཚོགས་འདུ་རིམ་པ་མཐོ་ཤོས་ཡིན་པ་སྤྱི་ཡོངས་ནས་ངོས་འཛིན་ཐོབ་ཡོད་ཅིང་། ནུབ་ཕྱོགས་ཀྱི་བོད་རིག་པ་སྨྲ་བ་རྣམས་ཚོགས་འདུ་འདིར་མཉམ་ཞུགས་བྱེད་ཀྱི་ཡོད།

ཐེངས་འདིའི་བལ་ཡུལ་གྱི་དོན་རྐྱེན་ནི་རྒྱ་ནག་གིས་སྟོབས་ཤུགས་ངོམ་སྟངས་ལ་འགྱུར་བ་ཆེན་པོ་བཏང་བའི་སྒེའུ་ཁུང་ལྟ་བུ་ཞིག་རེད། ད་ཆ་པེ་ཅིན་ནི་རྒྱལ་ནང་གི་བགྲོ་གླེང་ལ་ཞིབ་བཤེར་བྱེད་པ་ཙམ་གྱིས་ཡིད་མ་ཚིམ་པར། རྒྱལ་སྤྱིའི་སྡིངས་ཆའི་ཐོག  སུ་ལ་སྐད་ཆ་ཤོད་དབང་ཡོད་པ་དང་། སུ་ལ་སྐད་ཆ་ཤོད་དབང་མེད་པ་ཚོད་འཛིན་བྱེད་སླད། རིམ་བཞིན་ཕྱི་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན།  ཆབ་སྲིད་ཀྱི་གནོན་ཤུགས་བཅས་སྤྲོད་ཤུགས་ཆེ་རུ་གཏོང་གི་ཡོད། འདིས་ས་ཁམས་ཆབ་སྲིད་ཀྱི་རྣམ་པ་གསར་པ་ཞིག་མཚོན་གྱི་ཡོད་དེ། འདི་ནི་མངའ་ཁུངས་དང་ཁྲོམ་རའི་རྩོད་གཞི་མིན་པར། ཤེས་བྱ་དང་འབྲེལ་བའི་དབང་ཚད་ཐོག་འགྲན་རྩོད་བྱེད་ཀྱིན་ཡོད།

རྒྱ་ནག་གིས་དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཤུགས་རྐྱེན་སྤྱད་ནས་རྒྱ་ནག་ལ་བཟུང་བའི་ལྟ་སྟངས་ལ་འགྱུར་བ་གཏོང་གི་ཡོད། དེ་ཡང་གཞན་གྱི་བསམ་བློ་དང། གོ་རྟོགས། ཡིད་ཆེས་བཅས་སྟངས་འཛིན་བྱེད་རྒྱུ་དེ་རེད་ལ།  གནས་ཚུལ་གང་ཞིག་ལ་རྒྱལ་ཁབ་ཀྱི་དབང་ཚད་ཐོག་ནས་ཤུགས་རྐྱེན་ཐེབས་པར་བྱས་ཏེ། ཁ་ལོ་སྒྱུར་བར་ཤུགས་སྣོན་བྱེད་ཀྱིན་ཡོད་པས། གནད་དོན་འདིའི་ཁྲོད་གནས་ཚུལ་ཞིག་བདེན་པར་བརྩི་བའི་ཚད་གཞི་དང་། གནས་ཚུལ་གྱི་ཡོང་ཁུངས་བཀག་སྡོམ་བྱེད་རྒྱུ་གཉིས་ཚུད་ཡོད།

རྒྱ་ནག་གི་ཕྱི་འབྲེལ་སྐུ་ཚབ་ཚོས་བལ་ཡུལ་གྱི་དཔོན་རིགས་ཚོར་ཚོགས་འདུ་དེ་རྒྱ་ནག་ལ་ངོ་རྒོལ་བྱེད་སའི་གླེང་སྟེགས་ཤིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་ཡང་། བལ་ཡུལ་བདེ་འཇགས་ལྷན་ཁང་གིས་ཞིབ་བཤེར་བརྒྱུད། ཐེངས་འདིའི་བོད་རིག་པའི་ཚོགས་འདུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་ཐེབས་མི་སྲིད་པའི་མཇུག་སྡོམ་བརྒྱབ་ཡོད་པ་དང་། རྒྱ་ནག་གི་མ་རྩར་བསྟེན་ཤུགས་ཇེ་ཆེ་དང་། པེ་ཅིན་གྱིས་ཆབ་སྲིད་ཐོག་ནས་གལ་ཆེན་དུ་བརྩི་བའི་གནད་དོན་ཁག་ལ་མིག་གིས་ཧྲུག་ཧྲུག་དང་། རྣ་བས་ཀྲོང་ཀྲོང་བྱེད་མཁན་བལ་ཡུལ་གཞུང་གི་སེམས་འཚབ་ལ་བསྟུན་མཁས་གང་ཡོང་བྱས་ནའང་། ཐེངས་འདིའི་ཕྱི་འབྲེལ་ཐེ་བྱུས་ཀྱིས་ཡོད་ཚད་སྣང་མེད་དུ་བཏང་ཡོད།

ཞིབ་འཇུག་གི་རང་དབང་ནི་མི་སྒེར་གྱི་གཏམ་བཤད་བྱེད་པའི་ནུས་པ་ལ་རག་ལས་པ་མ་ཟད། ལངས་ཕྱོགས་མི་གཅིག་པའི་ཞིབ་འཇུག་ཁང་འདྲ་མིན་གནས་གཅིག་ཏུ་འདུས་ནས་བསམ་ཚུལ་བརྗེ་རེས་བྱེད་པའི་སྡིངས་ཆ་ཡོད་དགོས་པ་ཞིག་རེད། བསམ་ཚུལ་བརྗེ་རེས་བྱེད་པའི་ཚོགས་འདུ་འདི་འདྲ་བཀག་སྡོམ་བྱེད་པར་ས་ཁམས་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་ན། སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཧྲིལ་པོར་འབག་བཙོག་ཏུ་འགྱུར་ངེས་རེད།

རྒྱུ་མཚན་དེའི་དབང་གིས་ཐེངས་འདིའི་བལ་ཡུལ་གྱི་དོན་རྐྱེན་དེ་ཨ་རི་བ་ཚོར་གལ་ཆེན་པོ་ཆགས་ཡོད།  ཨ་རིས་ལོ་ངོ་མང་པོའི་རིང་ཁུང་ཙི་སློབ་གླིང་སྒོ་བརྒྱབ་པ་དང་། སྲིད་གཞུང་གི་ཞིབ་འཇུག་མ་དངུལ་ལེན་མཁན་ཞིབ་འཇུག་པ་ཚོའི་ཕྱི་རྒྱལ་གྱི་འབྲེལ་བར་རྩད་གཅོད་ནན་པོ་བྱེད་པ། ཚོར་བ་རྣོ་བའི་ཞིབ་འཇུག་ལ་ཚོད་འཛིན་བྱེད་པ་སོགས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱས་ཡོད།  ད་ལྟ་གནས་ཚུལ་གཞན་ཞིག་ལ་གཅིག་མཚུངས་ཀྱི་དོ་སྣང་སྤྲོད་དགོས་པ་ནི།  རྒྱ་ནག་གིས་ཤེས་ཡོན་ཞིབ་འཇུག་གི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་ནུས་པ་ཇེ་ཆེར་འགྲོ་བཞིན་པའི་གནས་བབ་ཅིག་མིག་མཐོང་ལག་ཟིན་ཡིན་པ་དེ་རེད།

ཤེས་བྱ་ནི་སྟོབས་ཤུགས་ཡིན། ཡོངས་གྲགས་ཀྱི་ལོ་རྒྱུས་གླེང་སྒྲོས་ཚོད་འཛིན་བྱེད་མཁན་དང་། ལྟ་ཚུལ་གང་ཞིག་ཚད་ལྡན་དུ་བརྩི་བ། དེ་བཞིན་ལྟ་ཚུལ་གང་ཞིག་གོ་མེད་ཚོར་མེད་ངང་ནག་སུབས་གཏོང་ཐུབ་མཁན་དེའི་ཤུགས་རྐྱེན་ཡུན་རིང་གནས་ཀྱི་རེད།

ངས་རྒྱ་ནག་གི་གཞུང་འབྲེལ་ཞིབ་འཇུག་ལྟེ་གནས་ཁང་ཁག་གི་ཞིབ་འཇུག་པ་རྣམས་ལོགས་སུ་དགར་དགོས་རེད་ལབ་ཀྱི་མེད། གཞི་རྒྱ་ཆེ་བའི་ཞིབ་འཇུག་ལ་ཆབ་སྲིད་ལམ་ལུགས་མི་འདྲ་བའི་བར་གྱི་རིག་པའི་བགྲོ་གླེང་དགོས། དཀའ་ངལ་ཆེ་ཤོས་ནི་ཞིབ་འཇུག་བགྲོ་གླེང་མ་བྱུང་བའི་སྔ་རོལ་དུ་བགྲོ་གླེང་དེ་ཚོགས་ཆོག་མིན་ཐད་ས་ཁམས་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་པ་དེ་རེད།

ཞིབ་འཇུག་ཚོགས་འདུ་ཁག་ནི་ཞིབ་འཇུག་གི་གྲུབ་དོན་ཕན་ཚུན་བསྡུར་བའི་གླེང་སྟེགས་ཤིག་ཡིན་དགོས་པ་ལས། ཞིབ་འཇུག་པ་རྣམས་མཇལ་འཕྲད་བྱེད་ཆོག་མིན་ས་ཁམས་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐག་གཅོད་བྱེད་ས་ཞིག་ཏུ་གྱུར་ན་འགྲིག་གི་མ་རེད།

པེ་ཅིན་གྱིས་མུ་མཐུད་ལྟ་ཚུལ་གང་འདྲ་ཞིག་ལ་མཉན་འཇོག་བྱེད་པ་དང། ལྟ་ཚུལ་གང་འདྲ་ཞིག་ཚད་ལྡན་དུ་ངོས་འཛིན་བྱེད་པ། ལོ་རྒྱུས་གང་འདྲ་ཞིག་ཁུངས་ལྡན་དུ་བརྩི་བར་བྱེད་པའི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་དག་གི་ཁ་ཕྱོགས་ལ་ཚོད་འཛིན་བྱེད་ཀྱི་ཡོད་ལ། པེ་ཅིན་གྱི་གཞི་རྩའི་དམིགས་ཡུལ་ནི་སྔ་ས་ནས་རང་ཉིད་ཞིབ་བཤེར་(Self-Censorship) བྱེད་པར་སྐུལ་འདེད་བྱེད་ཀྱི་ཡོད་པ་དང་། དོན་དངོས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་ཞིག་ཤོད་པ་དང་། ལྟ་བ། སློབ་སྦྱོང་བྱེད་དགོས་མིན་ལ་ཚད་བཀག་བཟོ་བཞིན་ཡོད།

བོད་དང་། ཐེ་ཝན། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་རྒྱ་ནག་རྒྱ་མཚོ་བཅས་དང་། རྒྱ་ནག་རང་ཉིད་དང་འབྲེལ་བའི་ཤེས་བྱ་རྣམས་སུ་ཞིག་གིས་ཐག་གཅོད་བྱེད་མིན་ཐད་ཀྱི་འཐབ་རྩོད་ཀྱི་འགྲོས་དེ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། ས་ཁམས་ཆབ་སྲིད་ཀྱི་འགྲན་རྩོད་ཁྲོད་སློབ་གྲྭ་ཆེན་མོ་དང་། ཞིབ་འཇུག་ལྟེ་གནས་ཁང་ཁག་ནི་གཡུལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།

བྷ་ར་ཧུ་མ་ཆེ་ལ་ནཱེ་ནི་དཔེ་དེབ་དགུའི་རྩོམ་པ་པོ་ཡིན་ཞིང་། དེ་དག་གི་ཁྲོད་ནས། “ཆུ། ཨེ་ཤ་ཡའི་གཡུལ་ས་གསར་པ”་ཞེས་པར་གཟེངས་རྟགས་ཐོབ་ཡོད།

The post རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད། appeared first on བོད་ཀྱི་དུས་བབ།.

Original Article