རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པར་གྱོད་དོན་བསྐྱར་ཞིབ་བྱེད་པའི་ཐོབ་ཐང་དགོས་པ་དང་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་ཁྲིམས་ར་འཚོག་དགོས་པའི་ལས་འགུལ་སྤེལ་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་བོད་རང་སྐྱོང་ལྗོངས་ཟེར་བའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ཞི་རྒོལ་ལས་འགུལ་སྤེལ་འདུག
མགོན་པོ་སྐྱིད་ལགས་ཀྱིས་ལག་ཏུ་དོན་ཚན་གཉིས་ལྡན་པའི་ཞུ་ཡིག་ཅིག་བཟུང་བའི་ནང་། གཅིག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་དོན་བསྐྱར་ཞིབ་བྱེད་དུ་འཇུག་དགོས། གཉིས་པ་ཁྲིམས་ཁང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་བྱེད་པའི་ཁྲིམས་ར་འཚོག་དགོས་ཞེས་གསལ་འདུག་པ་མ་ཟད། དོན་ཚན་གཉིས་ཀྱི་མཇུག་ཏུ་རྡོ་རྗེ་བཀྲ་ཤིས་ཉེས་མེད་ཡིན་ཞེས་བྲིས་འདུག
མགོན་པོ་སྐྱིད་ལགས་དང་ལྷན་དུ་བཟའ་ཟླ་ཆོས་སྐྱོང་ལགས་ཀྱང་འདུག་ལ། ཁོང་གིས། དོན་ཚན་འདི་གཉིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར་འགྲོ་དགོས་ཡོད་ཀྱང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཞིན་འགྲོ་ཡི་མི་འདུག འདི་ཁྲིམས་ཁང་གི་ཁྲིམས་ལུགས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར་འགྲོ་ཡི་མེད་པ་རེད། དེ་ལས་ལྡོག་སྟེ་གཉོག་རྡུང་དང་འདྲུད་པ་སོགས་བྱས་ཏེ་མོའི་ལག་པ་བཅག་པ་དང་རུས་པར་གནོད་སྐྱོན་བཟོས་པ། ཁོག་ཏུ་ཁྲག་ནག་བླུག་པ་སོགས་བྱས་འདུག ཅེས་བརྗོད་འདུག
ཉེན་རྟོག་པ་ཞིག་གིས་ཆོས་སྐྱོང་ལགས་སུ་བརྙན་ཕབ་ལེན་བྱེད་མི་ཆོག་ཅེས་བརྗོད་པར་ཆོས་སྐྱོང་ལགས་ཀྱིས། བརྙན་ཕབ་ལེན་བྱེད་ཆོག་གི་རེད། ཁྲིམས་ལུགས་འདི་རྩ་ཁྲིམས་ནང་ལྟར་འགྲོ་ཡི་མི་འདུག གལ་སྲིད་རྩ་ཁྲིམས་ནང་བཞིན་སོང་བ་ཡིན་ན། ང་ཚོས་བརྙན་ཕབ་ལེན་བྱེད་དགོས་དོན་མེད། སྨན་ཁང་ནང་གི་སྨན་པ་ཚང་མ་ཉོས་འདུག འདིའི་མཐའ་སྐོར་གྱི་མི་ཚང་མ་རྗེས་འདེད་གཏོང་མཁན་རེད། གནས་ཚུལ་འདི་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་རེད། དེ་རིང་ཡང་འཛིན་བཟུང་བྱེད་པར་གྲ་སྒྲིག་གིས་ཉེན་རྟོག་རླངས་འཁོར་འདིར་བསྐོར་ནས་སླེབས་འདུག ཅེས་བརྗོད་འདུག
The post རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། appeared first on བོད་ཀྱི་དུས་བབ།.



