བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༤༧ སྟེང་གི་རྩོམ་སྒྲིག་པའི་གཏམ།
དེ་རིང་(༢༠༢༦།༠༨།༢༠།)ནི་བོད་ཀྱི་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་ནས་ཞི་རྒོལ་བྱས་ཏེ་ཞག་ཞེ་དགུ་ཏག་ཏག་འཁོར་བའི་ཉིན་མོ་རེད། འདས་བའི་ཞག་ཞེ་དགུའི་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་ཀྱི་ཚོགས་སྡེ་དང་། མི་སྒེར། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ལས་འགུལ་འདྲ་མིན་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད་ལ། ཞག་ཞེ་དགུ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་སྣེ་འཁྲིད་འོག་མཆོད་འབུལ་སྨོན་ལམ་འཚོགས་པ་དང། བཀའ་སྤྱིའི་བསྒྲགས་གཏམ་སྤེལ་བ། དེ་བཞིན་ཞི་བའི་གོམ་བགྲོད་བཅས་གནང་བ་རེད། སྤྱི་ཡོངས་ནས་བལྟས་ན་བོད་རིགས་གཞོན་སྐྱེས་ཚོས་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་མུས་ཡིན་པ་ནི་དགའ་འོས་པ་ཞིག་མ་རེད་དམ།
ཁོང་གི་བླ་ན་མེད་པའི་བློས་གཏོང་འདིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གཡོ་འགུལ་ཆེན་པོ་བསླངས་ཤིང་། ནམ་རྒྱུན་ང་ཚོས་སྐོམ་པ་ཆུ་འདོད་བཞིན་དུ་བོད་དོན་གྱི་གནས་ཚུལ་རེ་སྤེལ་བའི་རེ་བ་བཅངས་ཀྱང་། རྣ་ཡས་འོན་པ་དང་། མིག་ཡས་ཞ་ར་བྱས་ནས་བསྡད་པའི་གསར་ཁང་ཆེན་པོ་དག་གིས་བསྟུད་མར་ཁོང་གི་གནས་ཚུལ་འདི་སྤེལ་བ་རེད་ལ། དེ་འབྲེལ་གྱི་དཔྱད་གླེང་ཡང་སྤེལ་བ་ཉུང་ཉུང་མ་རེད། ཐེངས་འདིར་མཐོང་ན་མ་མཐོང་མདོག་མདོག་དང་། ཐོས་ན་མ་ཐོས་མདོག་མདོག་བྱེད་ས་མེད་པ་ཆགས་པ་རེད། ཁོང་གིས་དཔའ་ངར་ཆེན་པོའི་སྒོ་ནས་ལས་འགུལ་ཆེན་པོ་ཞིག་སྤེལ་བ་རེད་ལ། ལས་འགུལ་ཆེན་པོ་དེས་བོད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་ཆེན་པོ་ཞིག་འདྲེན་ཐུབ་ཡོད།
དེ་རིང་བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་གནང་བའི་ཞག་ཞེ་དགུའི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་། རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་བློས་གཏོང་གནང་བ་འདི་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་། སྲིད་གཞུང་ཁག མི་མང་བཅས་འཛམ་གླིང་ཡོངས་ལ་བོད་ཀྱི་དཀའ་སྡུག་རྣམས་གསལ་སྟོན་བྱས་ཏེ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་གདོང་ལེན་དང་ངོ་རྒོལ་གྱིས་བོད་ཀྱི་ལོ་རྒྱུས་ནང་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་ལེའུ་གསར་པ་ཞིག་ཆགས་ཡོད་ཅེས་འཁོད་པ་ལྟར། ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་རེད། ང་ཚོས་དམ་པ་ཁོང་གི་ཁ་ཆེམས་ནང་གསལ་བ་ལྟར་རྡོག་རྩ་གཅིག་སྒྲིལ་དང་། ནུས་པ་མཉམ་སྤུངས་བྱས་ནས་འཐབ་རྩོད་ཀྱི་འོས་འགན་ཕྲག་ཏུ་བླང་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད།
མི་རིགས་ཤིག་གི་འཐབ་རྩོད་ནི་ལས་སླ་པོ་ཞིག་ག་ལ་ཡིན། མཉམ་འབྲེལ་རྒྱལ་ཚོགས་དང་བོད་དོན་གྱི་འབྲེལ་བ་ནི་ལོ་ངོ་༦༧ གོང་གི་སྐད་ཆ་རེད། བོད་ས་རྒྱ་ལག་ཏུ་ཤོར་ནས་སྐྱབས་བཅོལ་བ་ཆགས་མ་ཐག ང་ཚོས་ཕྱི་ལོ་༡༩༥༩ དང་༡༩༦༡། དེ་བཞིན་༡༩༦༥ བཅས་སུ་རིམ་བཞིན་བོད་དོན་གླེང་སློང་དང་། བོད་ཀྱི་གནས་བབ་ལ་ངོས་འཛིན་གསལ་པོ་ཡོང་རྒྱུར་རེ་བ་བཅངས་ནའང་ད་བར་དོན་ཕན་ལྡན་པའི་འབྲས་བུ་ཞིག་ཐོན་མེད། ལྷག་པར་དུ་ཕྱི་ལོ་༡༩༧༡ ལོར་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཆགས་པ་ནས་བཟུང་རྒྱལ་ཚོགས་ཀྱི་མགོ་བོ་གོང་བའི་ནང་དང་། ལག་པ་ཕུ་ཐུང་ནང་ལ་སྦས་པས་ང་ཚོར་ཁ་ནས་འབོད་ས་དང་། ལག་པས་སྙོབ་སའང་ཧ་ལམ་མེད་པར་གྱུར་བ་རེད།
དེ་ག་ནང་བཞིན་དེ་སྔ་ང་ཚོའི་གྲོགས་པོ་ཡིན་ནའང་། ད་ཆ་ང་ཚོར་རྒྱབ་གཏད་ནས་འགྲོ་མཁན་ཡོད་རེད་ལ། དེ་སྔ་ང་ཚོར་མིག་གིས་མི་བལྟ་ཞིང་། རྣ་བས་མི་ཉན་མཁན་ཚོ་ད་ཆ་ང་ཚོའི་རྒྱབ་སྐྱོར་བར་གྱུར་བའི་གནས་ཚུལ་ཡང་ཡོད་པས། འཐབ་རྩོད་ཀྱི་བཞུད་ལམ་རིང་མོའི་ཁྲོད་དུ། འགྲོ་རོགས་སྡོད་རོགས་མེད་པར་ཁེར་རྐྱང་དུ་ལུས་ནའང་། དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་ཆེས་མཐའ་མའི་སྣང་བརྙན་ལྟར་བོད་ཀྱི་རྒྱལ་དར་གནམ་ལ་འཕྱར་ནས་ཐེ་ཚོམ་མེད་པར་མདུན་ནས་མདུན་དུ་བསྐྱོད་དགོས།
The post ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན། appeared first on བོད་ཀྱི་དུས་བབ།.





