ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས།
ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༥ ཉིན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༧ པ་དེ་རྡ་ས་གངས་སྐྱིད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་དབུ་འཛུགས་གནང་སོང་ཞིང་། ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ས་གནས་འགོ་འཛིན་རྣམས་ཀྱིས་མི་མང་གི་བདེ་སྡུག་ལ་འགན་ཁུར་ལེན་དགོས་པའི་ལམ་སྟོན་དང་། བཀའ་ཤག་གི་ངོས་ནས་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན། འཛིན་སྐྱོང་བཅས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་ནས་བཀའ་སློབ་གསུང་བཤད་གནང་སོང་།
དུས་མཚུངས་ཉིན་གྲངས་བཞིའི་རིང་འཚོགས་རྒྱུའི་ཚོགས་ཆེན་འདིའི་ཐོག ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་ཁྱོན་ ༤༨ འདུ་འཛོམས་ཀྱིས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལ་གདོང་ལེན་བྱ་ཐབས་ཀྱིས་མཚོན་པའི་གྲོས་འཆར་གཞན་བཞིའི་ཐོག་གོ་བསྡུར་དང་། ས་གནས་འགོ་འཛིན་རྣམ་པའི་ཤེས་འཇོན་ཡར་རྒྱས་གཏོང་ཕྱོགས་ཀྱི་ཟབ་ཁྲིད། དེ་བཞིན་ཁྲིམས་མཐུན་གྱི་སྒྲིག་འཛུགས་སྲ་བརྟན་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད་འདུག །





