སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

3 hours ago

 

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ ༠༩ ཚེས་ ༠༤ རེས་གཟའ་པ་སངས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༡༥ ཙམ་ལ་མགོན་པོ་གང་ཉིད་མཆོག་ལ་དྭགས་ནང་དུ་ཟླ་གྲངས་གཉིས་ལྷག་གི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་སྟེ། ལ་དྭགས་ནས་མཁའ་ལམ་བརྒྱུད་དྷ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་།  དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་གཙོས་དད་ལྡན་མི་མང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ནས་ཆིབས་འཁོར་བརྒྱུད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པས་གཙོས་དྷ་སའི་སེར་སྐྱ་མི་མང་དང་། ཕྱི་ནང་གི་དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་དང་༧སྐུའི་ཞལ་མཇལ་ཞུས་ཡོད་ལ། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གཟིམ་ཆུང་ཉེ་འགྲམ་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་།  དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་། ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་མཆོག ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག  སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་འཛིན་བཀྲ་ཤིས་སྟོབས་རྒྱལ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ།  ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།།

Original Article